ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར།
2024.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ《ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།

《བསམ་འཆར》ནང་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ།  བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ།  རྒྱུད་རིམ་ལྡན་པའི་འདུ་ཤེས་དང་གནད་དོན་གྱི་ཁྲིད་ཕྱོགས། དྲང་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་ཀྱིས་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། ཐོན་ལས་བཟོ་པར་མཐུན་སྒྲིལ་ཁྲིད་སྟོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་དགོས།

《བསམ་འཆར》ནང་བཏོན་པའི་དམིགས་འབེན་གཙོ་བོ་ནི།  ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་པ་བརྒྱུད་ནས་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་སྔར་ལས་ཇེ་བརྟན་དུ་གཏོང་བ།   ཐོན་ལས་བཟོ་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྒུལ་ཤུགས་སྔར་ལས་ཆེ་རུ་འགྲོ་བ། བདག་པོའི་གནས་བབ་སྔར་ལས་མངོན་གསལ་དུ་གཏོང་བ། གྲུབ་འབྲས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་ཆེ་རུ་གཏོང་བ། ངལ་རྩོལ་ནི་གཟི་བརྗིད་ཆེ་བ་དང་རྩལ་ནུས་ནི་རྩ་ཆེ་བ། གསར་སྐྲུན་ནི་རླབས་ཆེ་བ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཆགས་པར་བྱེད་པ།  ཐོན་ལས་བཟོ་པའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་གྱིས་མཐོ་རུ་འགྲོ་བ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་པ་རྒྱུན་ཆད་མེད་པར་ཐོན་པ། ཤེས་བྱ་དང་རྩལ་ནུས། གསར་གཏོད་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུ་བཅས་རེད།  2035ལོར་སླེབས་སྐབས་རྒྱལ་ཁབ་ཆེན་པོའི་བཟོ་བོ་2000ཙམ་དང་།ཞིང་ཆེན་རིམ་པའི་བཟོ་བོ10000ཙམ། གྲོང་ཁྱེར་རིམ་པའི་བཟོ་བོ་50000ཙམ་བཅས་གསོ་སྐྱོང་བྱས་ཏེ།  རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་རིམ་པ་སོ་སོའི་བཟོ་བོ་དེ་ལས་མང་བ་གསོ་སྐྱོང་བྱེད་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་།  ཐོན་ལས་ལག་རྩལ་རྩེར་སོན་གྱི་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཤེས་ལྡན་མི་སྣའི་འགན་ལེན་དང་རྩལ་ནུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

《བསམ་འཆར》ནང་ཕྱོགས་བརྒྱད་ཀྱི་ཐོག་ནས་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནི་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་བཟོ་པར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་པ་དང་། གཉིས་ནི་རྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་བཏང་ནས་ཐོན་ལས་བཟོ་པའི་བདག་པོའི་གོ་གནས་འགན་སྲུང་བྱེད་དགོས། གསུམ་ནི་བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་ཐོན་ལས་བཟོ་པའི་རྩལ་ནུས་གྲུབ་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། བཞི་ནས་ལས་རིགས་འཕེལ་རྒྱས་མ་ལག་འཐུས་ཚང་དུ་བཏང་ནས་ཐོན་ལས་བཟོ་པ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བར་སྐུལ་འདེད་གཏོང་དགོས། ལྔ་ནས་ངལ་རྩོལ་དང་དཔལ་འབྱོར་གྱི་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཐོན་ལས་བཟོ་པའི་གྲུབ་འབྲས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས། དྲུག་ནི་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པའི་ལས་སྟེགས་བསྐྲུན་ནས་ཐོན་ལས་བཟོ་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་དགོས། བདུན་ནི་ཐོན་ལས་བཟོ་པའི་དཔུང་སྡེ་སྟོབས་ཆེར་བཏང་ནས་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། བརྒྱད་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།