ཟླ10ཚེས20ཉིན། ཧིན་རྡུ་ཉི་ཞི་ཡཱ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཡཱ་ཅཱ་ཏཱ་རུ་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གི་འགན་བཞེས་མཛད་སྒོར་ཞུགས་ཤིང་། ཟླ10ཚེས19ཉིན་དང་ཚེས20ཉིན་ཧིན་རྡུ་ཉི་ཞི་ཡཱ་ལ་འཚམས་འདྲི་བྱས་ཏེ། ཙུང་ཐུང་གསར་པ་ཕུའུ་ལཱ་པོ་ཝའོ་དང་། ཙུང་ཐུང་སྔོན་མ་ཙོ་ཁི། ཙུང་ཐུང་གཞོན་པ་གསར་པ་ཅི་པུའུ་ལན་བཅས་ལ་ཐུག་འཕྲད་གནང་།
ཕུའུ་ལཱ་པོ་ཝའོ་ལ་ཐུག་འཕྲད་གནང་སྐབས། ཧན་ཀྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ལཱ་པོ་ཝའོ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས། ཧན་ཀྲིན་གྱིས་ཙུང་ཐུང་ཕུའུ་ལཱ་པོ་ཝའོ་བདམས་ཐོན་བྱུང་རྗེས་ཆེས་ཐོག་མར་ཀྲུང་གོར་འཚམས་འདྲི་བྱས་པ་དེས། ཀྲུང་གོར་བཅངས་པའི་མཛའ་བརྩེ་ཟབ་མོ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེད་ཚད་མཐོ་བྱེད་པ་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་སྔར་ལས་སྲ་བརྟན་དུ་བཏང་ཡོད། སྐུ་ཞབས་ཙུང་ཐུང་གིས་འགན་བཞེས་གཏམ་བཤད་ཁྲོད་འབྲུ་རིགས་རང་བདག་དང་། དབུལ་སེལ་དབུལ་ཐར་སོགས་གཙོ་དོན་གལ་ཆེན་རབ་དང་རིམ་པར་གསལ་འགྲེལ་གནང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་དང་ཚད་མཐོ་བའི་སྒོ་ནས་མཉམ་འདྲེས་བྱུང་ཡོད། ཀྲུང་གོས་ཙུང་ཐུང་ཕུའུ་ལཱ་པོ་ཝའོ་དང་ཧིན་རྡུ་ཉི་ཞི་ཡཱ་སྲིད་གཞུང་གསར་པས་བདེ་ལེགས་ངང་སྲིད་སྐྱོང་ཐུབ་པར་རྒྱབ་སྐྱོར་བྱེད་ཅིང་། སྐུ་ཞབས་ཙུང་ཐུང་གི་འགོ་ཁྲིད་འོག ཧིན་རྡུ་ཉི་ཞི་ཡཱས་རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་ཐད་ནས་ཡར་ཐོན་ཆེན་པོ་བརྩོན་ལེན་ཐུབ་པར་ཡིད་ཆེས་བྱས་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡཱ་དང་མཉམ་དུ། གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་བརྩི་སྲུང་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོང་དང་། འཛམ་གླིང་འབྱོར་ཕྱུག་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།
ཧན་ཀྲིན་གྱིས་གོ་རིམ་རྗེས་མའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲོས་གཞི་གསུམ་བཏོན། གཅིག ཆུ་ཚད་མཐོ་བའི་འཐབ་ཇུས་ཡིད་རྟོན་བྱས་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཆེས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་སྟེང་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། གཉིས། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། མཉམ་ལས་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་བོར་ཕན་བདེ་བསྐྲུན་དགོས། གསུམ། རྒྱལ་སྤྱིའི་མཉམ་ལས་སྔར་ལས་དམ་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་བྱ་བ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཕུའུ་ལཱ་པོ་ཝའོ་ཡིས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་བཀའ་དྲིན་དང་བརྩེ་བ་ཟབ་པའི་འཚམས་འདྲི་ཞུས་ཤིང་། ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་བྱས་ཏེ་འགན་བཞེས་མཛད་སྒོར་ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། ཕུའུ་ལཱ་པོ་ཝའོ་ཡིས་ཀྲུང་གོ་ནི་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་དང་། ཧིན་རྡུ་ཉི་ཞི་ཡཱའི་སྟོབས་དང་ལྡན་པའི་མཉམ་ལས་གྲོགས་པོ་ཡིན། ཧིན་རྡུ་ཉི་ཞི་ཡཱ་སྲིད་གཞུང་གསར་པས་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེད་ཚད་མེད་བྱས་ཡོད། ཙུང་ཐུང་ཙོ་ཁི་ཡི་ཀྲུང་ཧྭའི་མཛའ་འབྲེལ་སྲིད་ཇུས་རྒྱུན་སྲིང་བྱས་ཏེ། ཕྱོགས་གཉིས་ཀྱི་ཕན་ཚུན་བར་གྱི་རྒྱབ་སྐྱོར་དང་གཉིས་ཕན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཙོ་ཁི་ལ་ཐུག་འཕྲད་གནང་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཙོ་ཁི་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས། ཧན་ཀྲིན་གྱིས་འདས་པའི་ལོ་ངོ10ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་ངོ་བཅུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙོ་ཁི་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་འབྲེལ་བ་རྒྱུན་ཆད་མེད་པར་སྤུས་འདེགས་རིམ་སྤོར་ཐུབ་པར་སྣེ་ཁྲིད་བྱས་ཏེ། ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་གསར་པར་ཞུགས་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡཱ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་བསྐྲུན་བྱེད་པ་དང་། ཡཱ་ཝན་མྱུར་བགྲོད་ལྕགས་ལམ་སོགས་མཉམ་ལས་ལས་གཞི་གལ་ཆེན་འཁོར་སྐྱོད་གང་ལེགས་བྱས་ཏེ། མཐུན་སྒྲིལ་མཉམ་ལས་དང་། གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་པ་མུ་མཐུད་རྩོམ་འདོད་ཡོད། ཙུང་ཐུང་ཙོ་ཁི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྔོན་ཆད་ལྟར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་དར་སྤེལ་གཏོང་ཆེད་མུ་མཐུད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་དང་ཡིད་ཆེས་བྱས་ཡོད་ཅེས་བསྟན།
ཙོ་ཁི་ཡིས་ཧན་ཀྲིན་བརྒྱུད་ནས་ཀྲུའུ་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཁ་པར་གྲོས་མོལ་གནང་བར་བཀའ་དྲིན་ཞུས་པ་དང་། ཉེ་བའི་ལོ་འདི་འགར་ཧིན་རྡུ་ཉི་ཞི་ཡཱ་དང་ཀྲུང་གོའི་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ཞིང་། ཡཱ་ཝན་མྱུར་བགྲོད་ལྕགས་ལམ་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཚོན་བྱེད་དུ་གྱུར་ཡོད། ཧིན་རྡུ་ཉི་ཞི་ཡཱའི་སྐབས་གསར་པའི་སྲིད་གཞུང་གི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་ཚུལ་བསྟན།
ཅི་པུའུ་ལན་ལ་ཐུགས་འཕྲད་གནང་སྐབས། ཧན་ཀྲིན་གྱིས་ཅི་པུའུ་ལན་བདམས་ཐོན་བྱུང་ནས་ལས་འགན་གསར་པ་ལག་བསྟར་བྱས་པར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ་ཡིན་པར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཁ་གསབ་རང་བཞིན་དྲག་ཅིང་། གཉིས་ཁེ་གཉིས་ཕན་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡཱ་སྲིད་གཞུང་གསར་པའི་སྲིད་སྐྱོང་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བཟང་པོ་བྱེད་འདོད་ཡོད་ཅེས་བསྟན།
ཅི་པུའུ་ལན་གྱིས་ཧིན་རྡུ་ཉི་ཞི་ཡཱ་སྲིད་གཞུང་གསར་པས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་གནས་བབ་ལེགས་པོ་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བར་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་བདེ་བསྐྲུན་རྒྱུ་ཡིན་ཞེས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།