ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་ཁུལ་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2024.10.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 ཟླ10ཚེས20ཉིན་ནས་ཚེས21ཉིན་བར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་དྲིན་བཟོ་མདུན་སྐྱོད་བྱས་ནས།  གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་ནན་གྱིས་བསྟན།

ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་དུ་ཝུའུ་ཞའོ་ཅུན་གྱིས་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་དང་། ནས་ལས་སྣོན་ཁང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་། གཟན་རྩྭ་འདེབས་འཛུགས་རྟེན་གཞི། སྡེ་བའི་འཕྲོད་བསྟེན་ཁང་བཅས་སུ་བསྐྱོད་དེ།  ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།   སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཁྱད་ལྡན་དང་ཁྱད་སྟོབས་ཐོན་ལས་གཙོ་བོར་འཛིན་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་།  ཧུར་ཐག་གིས་ཐོན་ཁུངས་ཡག་པོ་དེ་ཐོན་རྫས་ཡག་པོར་བསྒྱུར་བ་དང་།   ཐོན་རྫས་ཡག་པོ་དེ་ཚོང་རྟགས་ཡག་པོར་རིམ་སྤོར་བྱས་ནས། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་དགོས།  གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱིམ་ཚང་སྨན་པས་སྐོར་སྐྱོད་སྨན་བཅོས་དང་གྲལ་བཤེར།  གན་རྒྱ་འཇོག་པ། ཁ་ཆད་ལག་བསྟར། ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས། ཡུས་ཧྲུའུ་དང་མགོ་ལོག་གི་ཐེངས་གཉིས་པའི་སྟོང་ཝ330ཡི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་གྱི་ཨར་ལས་ཡུལ་དངོས་སུ་ཝུའུ་ཞའོ་ཅུན་གྱིས་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཨར་ལས་སྡེ་ཁག་ལ་དུས་བཀག་ལྟར་སྤུས་ཚད་འགན་ལེན་བྱས་ཏེ་བདེ་འཇགས་དང་ཡིད་ཆེས་ཆོག་པའི་གློག་ཤུགས་འགན་སྲུང་བྱེད་དགོས་པའི་མངག་བཅོལ་བྱས།  བཀྲ་ཤིས་ཇོ་མོ་དགོན་པ་ནས་ཝུའུ་ཞའོ་ཅུན་གྱིས་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་བཙུན་མ་རྣམས་དང་བརྗེ་རེས་གཏིང་ཟབ་བྱས་ཏེ།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ།  རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་དགོས་ཞེས་བསྟན།  ཝུའུ་ཞའོ་ཅུན་ད་དུང་དབུལ་ཐར་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་གླེང་མོལ་བྱས་པ་དང་། ཁོ་ཚོར་ངར་ཤུགས་གཅིག་སྒྲིམ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  འཚོ་བ་སྔར་ལས་ལེགས་པོ་རོལ་དགོས་པའི་སྐུལ་མ་བཏང་།

རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་དང་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན།  ནུས་ཤུགས་ཡོད་རྒུས་གཙོ་གནད་དང་དཀའ་གནད་། ཞན་ཆ་བཅས་འགག་སྒྲོལ་བྱས་ནས།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྣ་ཚོགས་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་གཏོང་དགོས་པ་དང་།   རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤུས་ཚད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།  ཕན་འབྲས་ཆེ་ལ་གནད་སྨིན་ངང་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱས་ཏེ། སྔ་མོ་ནས་ཤེས་བ་དང་། སྔ་མོ་ནས་ཐེ་གཏོགས། སྔ་མོ་ནས་རོགས་སྐྱོར་བཅས་བྱས་ནས།   ཁོངས་སུ་འཇུག་དགོས་རིགས་ཚང་མ་ཁོངས་སུ་འཇུག་པ་དང་རོགས་རམ་བྱེད་དགོས་རིགས་ཚང་མར་རོགས་རམ་བྱེད་པར་འགན་ལེན་བྱེད་དགོས། རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཡོད་པའི་ངལ་ནུས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རྒྱུན་མཐུད་ངང་འབབ་འཕར་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས།   “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་བཏང་སྟེ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་བཅས་ཀྱི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རོགས་སྐྱོར་ལས་གཞིའི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་པ། ཞིང་པར་འབྲེལ་གཏུག་དང་ཞིང་པར་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། གློག་དྲ་ཆེན་པོ་སྣུར་སྲིང་དང་གློག་དྲ་ཆུང་གྲས་ཀྱི་གློག་མཁོ་འདོན་བཟོ་སྐྲུན་འཛུགས་སྐྲུན་དམ་འཛིན་ཡག་པོ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལ་ཤུགས་སྣོན་པ་དང་། གོམས་སྲོལ་བསྒྱུར་ནས་དམ་འཛིན་བྱེད་པའི་གཞི་རྟེན་གསར་གཏོད་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས།  གྲོང་གསེབ་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་དོན་འཁྱོལ་བྱེད་པ། གྲོང་གསེབ་དར་སྤེལ་གྱི་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།  “དེབ་གཅིག་ཐོ་གཅིག་བསམ་ཇུས་གཅིག”གི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཁོངས་གཏོགས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱེད་པ། སྡེ་བར་བཅའ་སྡོད་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་བའི་མི་འདང་ས་ཁ་གསབ་བྱེད་པ།  བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་བརྟན་བརླིང་ངང་འཕར་བ་དང་།  བདེ་འཇགས་ཐོན་སྐྱེད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་བྱ་བར་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ།   ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།