ཟླ10པའི་ཚེས22ཉིན། ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་ལས་འགན་ལག་བསྟར་བྱེད་པའི་ལས་དོན་གསལ་ཐོའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞཱ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། ཕྱོགས་ཡོངས་ནས་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་འགན་སྒྲུབ་ལས་དོན་གསལ་ཐོ་འཛུགས་པ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། གཞི་རིམ་བཅོས་སྐྱོང་གི་འགན་འཁྲི་དང་ནུས་པ་མི་འཚམ་པའི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཡིན་ཞིང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་ཀྱང་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་ལས་འགན་ལག་བསྟར་ལས་དོན་གསལ་ཐོའི་བྱ་བའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་ཅིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ཟབ་མོ་བྱེད་ལ། ཡུལ་ཚོ་དང་གྲོང་རྡལ་གཙོ་བྱས་པའི་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་བ་དང་། བརྗོད་དོན་གཙོ་བོ་དང་ཁ་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱེད་པ། ཁྲིམས་བཀོད་རྐང་འཛུགས་དང་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་རྒྱུན་འཁྱོངས། འགན་འཁྲི་དང་ཁེ་དབང་གཅིག་གྱུར་དང་འགན་འཁྲི་དང་ནུས་པ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས། ཡུལ་བབ་དང་བསྟུན་པ་དང་གནད་འཁེལ་ཇུས་འདོན་བྱེད་པ་རྒྱུན་འཁྱོངས། ལམ་ལུགས་གསར་གཏོད་དང་མཉམ་འདྲེས་ཟབ་སྤེལ་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ནས། བྱ་བ་དང་འགན་འཁྲི་ཁ་གསལ་ཞིང་། འགན་འཁྲི་དང་ནུས་པ་འཚམ་པ། འགན་སྒྲུབ་བདེ་ལེགས་ཡིན་ལ། འགན་སྲུང་ནུས་ལྡན་ཡིན་པ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འགན་དབང་མ་ལག་འཛུགས་པ་དང་། འགན་འཁྲི་ཇེ་ཡང་དུ་གཏོང་བ་དང་སྟོབས་ནུས་སྦྱིན་པ། ཕྱོགས་གཉིས་ལ་ནུས་ཤུགས་འདོན་པ་བཅས་གཅིག་འདོམས་བྱས་ནས། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་མཐུད་སྒོས་གསོན་ཤུགས་དང་སྒུལ་ཤུགས་གསར་བ་སྣོན་དགོས།
གྲོས་ཚོགས་དེ་བརྙན་རིས་རྣམ་པས་བསྡུས་ཤིང་། ཞིང་ཆེན་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ་རྫོང་བཅས་ཀྱི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྒྲིག་སྦྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི། ཡུལ་ཚོ་དང་གྲོང་རྡལ་། སྲང་ལམ་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་གྲོས་ཚོགས་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།