ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་ཁི་ལིས་མུའུ་ལེན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།
ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་ཁི་ལིས་མུའུ་ལེན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན། ལོ་ངོ་དོན་ལྔའི་རིང་ལ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་མཚམས་མ་བཞག་པར་རྒྱུན་མཐུད་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གསུམ་པར་མནའ་འབྲེལ་མི་བྱེད་པ་དང་ངོ་རྒོལ་མི་བྱེད་པ། ཁ་གཏད་མི་བྱེད་པའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཉམ་གནས་ཐབས་ལམ་ཞིག་འཚོལ་ཞིབ་བྱས། ཕྱོགས་གཉིས་ཀྱིས་ཡུན་རིང་གི་འཆམ་མཚེས་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས། གཉིས་ཕན་མཉམ་ལས་མཉམ་རྒྱལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་བ་དང་རྒྱ་སྐྱེད་དེ། རྒྱལ་ཁབ་གཉིས་དར་རྒྱས་གོང་འཕེལ་གཏོང་བ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག དེང་སྐབས། འཛམ་གླིང་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཐུག་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་ཐད་ནས་ཟིང་འགྱུར་སྣོལ་སྦྲེལ་བྱས་ཡོད་ན་ཡང་། ཀྲུང་གོ་དང་ཨུ་རུ་སིའི་ཡུན་རིང་མཛའ་མཐུན་གྱི་མཛའ་བརྩེ་ཟབ་མོ་འགྱུར་མི་སྲིད་ལ། མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་འགྱུར་མི་སྲིད། རྙོག་འཛིང་ཛ་དྲག་གི་ཕྱི་ཕྱོགས་གནས་བབ་ལ་འཕྲད་ན་ཡང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་བཞིན་ཤུགས་ཆེན་དུ་སྤེལ་བཞིན་ཡོད་པ་དང་། མཉམ་ལས་ལས་གཞི་ཆེན་པོ་བརྟན་འཇགས་ངང་ལག་བསྟར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གཉིས་འབྲེལ་མཐུད་དམ་ཟབ་བྱས་ནས། རང་སོ་སོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་ལ། འཛམ་གླིང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡང་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞི་མང་པོ་ནང་གི་བརྗེ་རེས་མཐུན་སྦྱོར་དམ་ཟབ་ཏུ་གཏོང་བ། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཐད་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱས་ཏེ། མཉམ་དུ་འཛམ་གླིང་ཧྲིལ་བོའི་འཐབ་ཇུས་གཏན་འཇགས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནི་དེང་སྐབས་འཛམ་གླིང་གི་ཆེས་གལ་ཆེ་བའི་གསར་དར་ཚོང་ར་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་སྟེགས་བུ་ཡིན། ཀྲུང་གོས་ཨུ་རུ་སི་ཀྲུའུ་ཞི་རྒྱལ་ཁབ་ཏུ་བྱས་ནས་ཐེངས་འདིའི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐད་བྱ་བ་མང་པོ་བསྒྲུབས་པར་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་གྱི་མ་འོངས་འཕེལ་རྒྱས་ཐད་གྲོས་སྡུར་ཟབ་མོ་བྱེད་རྒྱུར་རེ་སྒུག་བྱས་ཡོད་ལ། ཕྱོགས་སོ་སོས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ཀྱི་བརྡ་རྟགས་གསལ་བོ་གཏོང་བ། གསེར་གྱོམ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་འཐབ་ཇུས་རོགས་ལས་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་གསར་བ་སྔར་ལས་མང་པོ་བརྩོན་ལེན་བྱེད་དགོས།
ས་དེའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ཧྲན་ཁི་ལིས་མུའུ་ལེན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།
ཕུའུ་ཅིན་གྱིས་བསྟན་དོན། སྔོན་ཏག་ཏག་ལ། ང་ཚོས་མཉམ་དུ་ཨུ་རུ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན། ལོ་ངོ་དོན་ལྔའི་རིང་ལ། ཨུ་རུ་སི་དང་ཀྲུང་གོ་གཉིས་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོ་རུ་གྱུར་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རིགས་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་ཀྱི་རྨང་གཞི་ནི་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་བཅས་ཡིན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་འཐབ་འོག མིག་སྔར། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་དང་། ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོའི་བྱ་འགུལ་སྣ་ཚོགས་བདེ་བླག་ངང་སྤེལ། ཨུ་རུ་སིས་ཀྲུང་གོའི་བར་གྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དང་རྒྱས་གོང་འཕེལ་ཐད་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད། སང་ལོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་བསྒྲིལ་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན། ཨུ་རུ་སི་དང་ཀྲུང་གོས་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་གི་རྒྱལ་ཁ་ལེན་ཆེད་རིན་དོད་ཆེན་པོ་བཏང་བ་དང་། ཨུ་རུ་སིས་ཀྲུང་གོ་དང་མཉམ་དུ་དུས་ཚོད་གལ་ཆེན་དེར་རྗེས་དྲན་བྱེད་འདོད་ཡོད། ཨུ་རུ་སིས་ཀྲུང་གོའི་མཐོ་རིམ་བར་གྱི་འགྲོ་འོང་དམ་པོ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་བརྗེ་རེས་དང་རོགས་ལས་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་དང་འཛམ་གླིང་ཧྲིལ་བོའི་འཐབ་ཇུས་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོས་ཨུ་རུ་སིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་དང་། ཨུ་རུ་སིས་ཀྲུང་གོ་དང་གཞོགས་འདེགས་དམ་ཟབ་བྱས་ནས། གསེར་གྱོམ་རྒྱལ་ཁབ་རྒྱ་སྐྱེད་པའི་རྗེས་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐོག་མ་ཐད་ནས་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་པ་དང་། གསེར་གྱོམ་ཆེན་མོའི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཆེན་པོའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།
ཚའེ་ཆི་དང་ཝང་དབྱི་སོགས་གྲོས་མོལ་ལ་ཞུགས།