ས་གནས་དེའི་དུས་ཚོད་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་ལོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ10པར། ང་ཚོས་ཀྲུང་གོ་དང་ལོ་ཝོ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱེད་པའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ལོ་གཅིག་གི་རིང་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོ་དང་ས་གནས་སོ་སོས་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། ཕན་ཚུན་འབྲེལ་འདྲིས་དང་དཔལ་འབྱོར་ཉོ་ཚོང་ཐད་མ་དངུལ་གཏོང་བ་དང་། མི་ཆོས་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བློ་མཐུན་དང་སྤུན་ཟླ་ཡིན་པའི་ཆ་ནས། ཀྲུང་གོ་དང་ལོ་ཝོ་བར་གྱི་འབྲེལ་བ་དེ་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་ཁྲོད་དུ་དམིགས་བསལ་གྱི་གོ་གནས་གལ་ཆེན་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་བསྐྱོད་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་ནའང་ཀྲུང་གོ་ནི་ལོ་ཝོ་ཡིས་ནམ་ཡང་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ལོ་ཝོ་ཡང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ཝོ་ཕྱོགས་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ལོ་ཝོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལོ་ཝོ་དང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས། མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ལོ་ཝོ་བར་གྱི་ལྕགས་ལམ་རྒྱ་བསྐྱེད་གཏོང་བ་དང་། ཀྲུང་གོ་དང་ལོ་ཝོ་ཡི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དཔེ་མཚོན་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ཝོ་ཡི་ཞིང་ལས་ཐོན་རྫས་སྤུས་ལེགས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། སློབ་གསོ་དང་། རིག་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ལོ་ཝོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་འགོ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་ལེགས་འགྲུབ་ངང་གཙོ་གཉེར་བྱེད་པར་རྟེན་འབྲེལ་ཞུ། ལོ་ཝོ་ཕྱོགས་གསེར་གྱོམ་མཉམ་ལས་ཁྲོད་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།
ཐུང་ལུན་གྱིས་བསྟན་དོན། ན་ནིང་ང་ཀྲུང་གོར་བསྐྱོད་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་ལོ་ཝོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་པར་གཞི་གསར་པ་གཏོད་པའི་བྱ་སྤྱོད་འཆར་གཞིར་མིང་རྟགས་བཀོད་པ་ཡིན། མིག་སྔར་འབྲེལ་ཡོད་དོན་འཁྱོལ་བྱ་སྤྱོད་ནུས་ལྡན་ཡིན་ཞིང་ཕན་འབྲས་ལྡན་ཡོད། ལོ་ཝོ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས། ཕྱོགས་གཉིས་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་ཁྱབ་རྒྱ་ཆེ་ཚད་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ལོ་ཝོ་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དེས་ལོ་ཝོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ལོ་ཝོ་དང་ཀྲུང་གོའི་བར་གྱི་ལྕགས་ལམ་དང་ལོ་ཝོ་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ལོ་ཝོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ལ་རེ་སྒུག་བྱེད་བཞིན་ཡོད། ངས་ལོ་ཝོའི་ཏང་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོ་སྲུང་སྐྱོང་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་རྒྱབ་སྐྱོར་བྱེད་པ། ཐའེ་ཝན་དང་འབྲེལ་བ་ཡོད་པ་དང་། ཞང་ཀང་དང་འབྲེལ་བ་ཡོད་པ། ཞིན་ཅང་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་བཅས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ཝོ་ཡིས་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་འགོ་ཁྲིད་པའི་ཚོགས་འདུ་གཙོ་གཉེར་བྱེད་པར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ལོ་ཝོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཉམ་ལས་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།