ཟླ10ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སི་ལིས་པཱ་ཅཱ་ཝན་དུ་ཝུན་ལའེ་ཡི་འགོ་ཁྲིད་པ་ཧཱ་སང་ནཱ་ཨར་ལ་ཐུག་འཕྲད་གནང་།
ཧན་ཀྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་པ་ཧཱ་སང་ནཱ་ཨར་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་ཤིང་། ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧཱ་སང་ནཱ་ཨར་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཝུན་ལའེ་ཡི་འབྲེལ་བས་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་སྲུང་འཛིན་བྱས་ཡོད། ན་ནིང་གི་ཟླ11པར་ཅིག་ཅིན་ཧྲན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧཱ་སང་ནཱ་ཨར་དང་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀྱི་གོ་རིམ་རྗེས་མའི་འཕེལ་རྒྱས་ཐད་འཐབ་ཇུས་མཛུབ་སྟོན་གནང་། ཀྲུང་གོས་ཝུན་ལའེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་ཅིང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཧན་ཀྲིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཝུན་ལའེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་དུས་ནམ་ཡང་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཝུན་ལའེ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་དུ་བཏང་སྟེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཆེས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་ལས་བྱ་བ་སྤུས་ཚད་མཐོན་པོས་མཉམ་བསྐྲུན་བྱས་ཏེ། ཉོ་ཚོང་དང་། དངུལ་གཏོང་། ནུས་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤུས་འདེགས་རིམ་སྤོར་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ལ་མཐོང་ཆེན་ཚད་མེད་བྱེད་ཅིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་ལ་རྒྱབ་སྐྱོར་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་འབྱོར་ཕྱུག་འཕེལ་རྒྱས་ཐད་སྔར་ལས་མང་བའི་དྲང་ཕྱོགས་ཀྱི་སྟོབས་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ཝུན་ལའེ་ནང་དུ་འདུ་བའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དང་མཉམ་དུ། མཚོ་ཐོག་མཉམ་ལས་དང་ལྷོ་ཕྱོགས་རྒྱ་མཚོའི་བྱ་སྤྱོད་ཚོད་འཛིན་ལ་གྲོས་སྡུར་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། ལྷོ་ཕྱོགས་རྒྱ་མཚོ་དེ་ཞི་བདེ་ཡི་རྒྱ་མཚོ་དང་མཛའ་བརྩེའི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་ཞིག་ཏུ་འཛུགས་སྐྲུན་བྱེད་འདོད་ཡོད།
ཧཱ་སང་ནཱ་ཨར་གྱིས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་ལེགས་པོ་ཞུས། ཧཱ་སང་ནཱ་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སོགས་འདུ་ཤེས་གལ་ཆེན་གྱི་གྲོས་གཞི་བཏོན་པར་ཤུགས་རྐྱེན་ཟབ་མོ་ལྡན་ཞིང་ཝུན་ལའེ་ལའང་ཕན་ཁེ་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་ཝུན་ལའེ་ཡིས་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཁྱབ་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་མང་དུ་བཏང་ཡོད། ཝུན་ལའེ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། འབྲུ་རིགས། མི་ཆོས། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཝུན་ལའེ་ཡི་དཔལ་འབྱོར་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བཅངས་ཡོད། ཝུན་ལའེ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་གདེང་འཇོག་ཚད་མཐོ་བྱེད་ཅིང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་འདོད་ཡོད། ཝུན་ལའེ་ཕྱོགས་ཀྱིས་ཁ་བརྡ་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ། ལྷོ་ཕྱོགས་རྒྱ་མཚོའི་འཛུགས་སྐྲུན་ལས་དོན་ཞི་བདེའི་མཛའ་འབྲེལ་གྱི་རྒྱ་མཚོའི་ལས་དོན་དུ་འགྱུར་བར་བྱས་ནས། ས་ཁུལ་གྱི་ཞི་བདེའི་བརྟན་འཇགས་ཐད་སྲུང་སྐྱོང་བྱེད་འདོད་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།