ལི་ཧྲུའུ་ལའེ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་མོ་ཞི་ཁོ་རུ་འཚམས་འདྲི་བྱས།
2024.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ10ཚེས19ཉིན་དང་ཚེས21ཉིན། མོ་ཞི་ཁོ་སྲིད་འཛིན་ཏང་རྒྱལ་ཁབ་བསྐྱར་དར་ལས་འགུལ་གྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་མོ་ཞི་ཁོ་རུ་འཚམས་འདྲི་བྱས་ཤིང་། སོ་སོར་མོ་ཞི་ཁོ་རྒྱལ་ཁབ་བསྐྱར་དར་ལས་འགུལ་གྱི་ཀྲུའུ་ཞི་ཨ་ཨར་ཁ་ཨར་ཏི་དང་། གྲོས་ཞུགས་ཁང་གི་གྲོས་དཔོན་ཧྥེ་ཨར་ནན་ཏི་སི། ཕྱི་འབྲེལ་བློན་ཆེན་ཏི་ལཱ་ཧྥུའུ་ཨིན་ཐི་བཅས་ལ་ཐུག་འཕྲད་གནང་བར་མ་ཟད། ཀྲུང་གོ་དང་མོ་ཞི་ཁོའི་དཔལ་ཡོན་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།

ལི་ཧྲུའུ་ལའེ་ཡིས་བསྟན་དོན། ཉེ་བའི་ལོ་འདི་འགའི་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་མོ་ཞི་ཁོ་ཕྱོགས་གཉིས་ཀྱི་ཆད་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་ལ། ཕྱོགས་མང་པོའི་མཉམ་ལས་མཐུན་སྦྱོར་དམ་ཟབ་ཏུ་གྱུར་ཡོད། ཀྲུང་གོ་དང་མོ་ཞི་ཁོ་དེ་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཀྱི་རྒྱལ་ཁབ་གལ་ཆེན་དང་འཛམ་གླིང་དཔལ་ཡོན་གྱི་གནའ་བོའི་རྒྱལ་ཁབ་རེད། ཀྲུང་གོས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དངོས་འབེབས་བྱེད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། རིག་གནས། རིགས་གཞུང་། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་ཞིང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དེའི་ཐད་ཀྱི་བརྗེ་རེས་བྱ་བར་ཤུགས་བསྣན་ནས། ཀྲུང་གོ་དང་མོ་ཞི་ཁོ་ཡི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་བསྐྱར་དར་ལས་འགུལ་དང་མཉམ་དུ་ཆབ་སྲིད་ཁ་བརྡ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱ་བར་ཤུགས་བསྣན་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

མོ་ཞི་ཁོ་ཕྱོགས་ཀྱིས་བསྟན་དོན། ཙུང་ཐུང་ཞིན་པའོ་མུའུ་དང་མོ་ཞི་ཁོ་སྲིད་གཞུང་གསར་པས་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མེད་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། མོ་ཞི་ཁོ་དང་ཀྲུང་གོ་གཉིས་ལ་རྒྱུན་རིང་ཞིང་ངོ་མཚར་བའི་དཔལ་ཡོན་གྱི་རྨང་གཞི་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞིར་བསྟོད་བསྔགས་དང་ཁས་ལེན་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་འདོད་ཡོད་ལ། སྲིད་འཛིན་ཏང་ཡིན་པའི་ཆ་ནས། རྒྱལ་ཁབ་བསྐྱར་དར་ལས་འགུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དང་གྲོས་མོལ་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། མོ་ཞི་ཁོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།