ཞི་ཅིན་ཕིང་གིས་དབྱི་ལིང་གི་ཙུང་ཐུང་ཕེ་ཙི་ཞི་ཆི་དབྱང་ལ་མཇལ་འཕྲད་གནང་།
2024.10.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 ས་གནས་དེའི་དུས་ཚོད་ཟླ10ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་སྐབས་སུ་དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དབྱི་ལིང་ནི་ས་ཁུལ་གལ་ཆེན་དང་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། ཀྲུང་གོའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གྱི་འཕེལ་ཕྱོགས་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག  ཀྲུང་གོ་དང་དབྱི་ལིང་བར་གྱི་འབྲེལ་བའི་འཐབ་ཇུས་ཀྱི་དོན་སྙིང་སྔར་ལས་འབུར་དུ་ཐོན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་དབྱི་ལིང་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རང་ངོས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། མཐའ་འཁོར་རྒྱལ་ཁབ་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་ལེགས་བཅོས་དང་ཟབ་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་ཕྱོགས་དང་བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་ལ་རྒྱབ་སྐྱོར་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་ཕྱོགས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་དབྱི་ལེང་ནི་དངོས་གཞིའི་ཁོངས་ཞུགས་རྒྱལ་ཁབ་ཡིན་པའི་ཆ་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ལ་ཞུགས་པར་རྟེན་འབྲེལ་ཞུས་པར་མ་ཟད་དགའ་བསུ་ཞུས། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་ཕྱོགས་དང་མཉམ་དུ་གསེར་གྱོམ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་གཏམ་བཤད་དབང་ཆ་སྔར་ལས་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཕེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། ཀྲུང་གོ་ནི་དབྱི་ལིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། དབྱི་ལིང་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་དེ་མིན་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཡོད། དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་འཕྲིན་གཏོང་སྦྲེལ་མཐུད་དང་། རྨང་གཞིའི་སྒྲིག་བཀོད། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། གྲུབ་འབྲས་སྔར་ལས་མང་པོ་ལེན་པར་རེ་བ་བཅངས་ཡོད་ལ། དེས་དབྱི་ལིང་གི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་ཐུབ་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་བར་ཡང་རོགས་རམ་བྱེད་ཐུབ་ངེས་ཡིན།  དབྱི་ལིང་ཕྱོགས་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་། བཙན་དབང་བརྙེས་བཅོས་ལ་མཉམ་དུ་ངོ་རྒོལ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་གསེར་གྱོམ་མཉམ་ལས་ལམ་སྲོལ་ནང་དངོས་སུ་ཞུགས་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ།  ཀྲུང་གོ་ཕྱོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་དང་མཉམ་ལས་དམ་ཟབ་བྱེད་པར་རེ་སྒུག་བྱས་ཡོད།

ཕྱོགས་གཉིས་ཀྱིས་ད་དུང་མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་བསམ་འཆར་བརྗེ་རེས་མཛད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ཅ་ཧྲ་རུ་དམག་མཚམས་འཇོག་པ་སྔ་མོ་ནས་མངོན་འགྱུར་བྱེད་རྒྱུ་ནི་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྲོ་བ་ཞི་ལྷོད་དུ་གཏོང་བའི་གནད་འགག་ཡིན་ཞིང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། འབྲེལ་ཡོད་ཕྱོགས་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཏན་ཏིག་གིས་ལག་བསྟར་བྱས་ནས། ས་ཁུལ་གྱི་གནས་བབ་སྔར་ལས་ཟང་ཟིང་དུ་མི་འགྲོ་བ་བྱེད་པར་སྐུལ་ལྕག་གཏོང་དགོས་ཞེས་གསུངས།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།