རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་པ་དང་། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་སྲོལ་ཡིག་ཁྱབ་བསྒྲགས་བྱས་ཤིང་། 2024ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
སྲོལ་ཡིག་གི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ནས། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། སྤྱི་དམངས་ཀྱི་གཞི་རྩའི་ཕྱི་སྐྱོད་དགོས་མཁོ་བསྐངས་ཏེ། གྲོང་ཁྱེར་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། སྲོལ་ཡིག་ལ་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་ང་ལྔ་ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད་དེ།
གཅིག་ནི་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་གཏན་འཁེལ་བྱས་པ་སྟེ། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་བྱ་བས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་ཅིང་། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་གྱི་སྤུས་ལེགས་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱས་ནས། བདེ་འཇགས་དང་། སྟབས་བདེ། ནུས་མཐོ། ལྗང་མདོག དཔལ་འབྱོར་བཅས་ཀྱི་གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་མ་ལག་འཛུགས་རྒྱུ་གཏན་འབེབས་བྱས།
གཉིས་ནི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་པ་སྟེ། གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ནི་གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་བའི་འགན་ཁུར་མཁན་གཙོ་བོ་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། གནད་དོན་གལ་ཆེན་མཐུན་སྦྱོར་བྱེད་པ་སོགས་ཀྱི་ལས་འགན་ཁུར་དགོས་པ་གཏན་འཁེལ་བྱས།
གསུམ་ནི་འཕེལ་རྒྱས་འགན་སྲུང་ལ་ཤུགས་བསྣན་པ་སྟེ། འཆར་འགོད་སྙོམས་སྒྲིག་ལ་ཤུགས་སྣོན་དང་། ས་ཞིང་བེད་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱེད་པ། དངུལ་གཏོང་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། པ་སེའི་རིན་གོང་མ་ལག་འཐུས་ཚང་གཏོང་བ། ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། གཟིགས་སྐྱོང་ཤར་བགྲོད་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ནས་གཏན་འབེབས་བྱས།
བཞི་ནི་འཁོར་རྒྱུག་ཞབས་ཞུ་ལེགས་སྒྱུར་བྱས་པ་སྟེ། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲིལ་ཁེ་ལས་ཀྱིས་ནང་ཁུལ་དོ་དམ་ལ་ཤུགས་སྣོན་པ་དང་། དུས་ལྟར་འཁོར་རྒྱུག་ཞབས་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། འཁོར་རྒྱུག་གི་བཀོད་གཏོང་དོ་དམ་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་སྤུས་ཚད་གཏུག་བཤེར་ཐག་གཅོད་རྐྱེན་སྲོལ་བཙུགས་ནས། འཁོར་རྒྱུག་ཞབས་ཞུའི་སྤུས་ཚད་ཇེ་ལེགས་དང་ལས་ཆོད་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན།
ལྔ་ནི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་པ་སྟེ། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ་ཁེ་ལས་ཀྱིས་འཁོར་རྒྱུག་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་འགན་ལེན་བྱེད་པ་དང་། འགྲུལ་བ་རླངས་འཁོར་དུ་སྡོད་པའི་ཚད་གཞི་བརྩི་སྲུང་བྱེད་ཅིང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་བླང་བྱ་བཏོན། གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཇུས་འགོད་དང་འཛུགས་སྐྲུན། འཁོར་རྒྱུག་སོགས་ཀྱི་ཕྱོགས་ནས་ཞིབ་ཕྲའི་བདེ་འཇགས་དོ་དམ་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས།
དྲུག་ནི་ཁྲིམས་ལུགས་འགན་འཁྲི་ནན་མོར་བཏང་བ་སྟེ། གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་འཁོར་རྒྱུག་དང་འབྲེལ་བའི་ཞབས་ཞུའི་ཚད་གཞི་དང་བླང་བྱར་བརྩི་སྲུང་མི་བྱེད་པ་དང་། གང་དགར་འཁོར་རྒྱུག་ཞབས་ཞུའི་མཚམས་བཞག་པ་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཁོར་རྒྱུག་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། དེར་བསྟུན་གྱི་ཁྲིམས་ལུགས་འགན་འཁྲི་གཏན་འབེབས་བཟོས།
ལྷ་མོ་འཚོས་བསྒྱུར།