ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས21ཉིན་ནས24ཉིན་བར་ཞིན་ཅང་ཧི་ཐན་དང་ཁ་ཧྲིར་རྟོག་ཞིབ་གནང་། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཞིན་ཅང་སྔར་ལས་ལེགས་པའི་སྒོ་ནས་འཛུགས་སྐྲུན་བྱེད་དགོས།
ཟླ10པའི་ཚེས21ནས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཞིན་ཅང་ཧི་ཐན་དང་ཁ་ཧྲིར་རྟོག་ཞིབ་གནང་། པར་འདི་ནི་ཚེས23ཉིན་གྱི་སྔ་དྲོ། ཝང་ཧུའུ་ཉིང་གིས་ཧི་ཐན་གྲོང་ཁྱེར་གྱི་སློབ་ཆུང་བཅུ་གཉིས་པར་ཡིག་གཟུགས་སློབ་ཁྲིད་ལ་བལྟས་ནས་སློབ་གྲྭས་མི་རིགས་མཐུན་སྒྲིལ་སློབ་གསོ་སྤེལ་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།
ཝང་ཧུའུ་ཉིང་ཧི་ཐེན་ས་ཁུལ་མི་དམངས་སྨན་ཁང་དང་། ཧི་ཐེན་གྲོང་ཁྱེར་སློབ་ཆུང་བཅུ་གཉིས་པ། ཧྲུའུ་ལི་རྫོང་ཐཱ་ཙི་ཧོང་ཡུལ་ཚོ་ཐེ་ཐུའུ་ཨར་སྡེ་བ་བཅས་སུ་རྟོག་ཞིབ་བྱེད་པར་ཕེབས། ཁོས་བསྟན་དོན། མི་རིགས་མཐུན་སྒྲིལ་དེ་གཞི་རིམ་བཅོས་སྐྱོང་དང་། སློབ་གྲྭའི་སློབ་གསོ། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་བཅས་ཀྱི་ཁྲོད་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་དུས་ནས་བྱིས་པ་ཚོའི་སེམས་སུ་ཟུག་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་སེ་འབྲུ་ལྟར་དམ་པོར་སྦྲེལ་རྒྱུར་སྐུལ་འདེད་གཏོང་དགོས། ཧི་ཐེན་ས་ཁུལ་ཁུན་ཀང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་འབྲེལ་ཡོད་ཁེ་ལས་སུ་རྟོག་ཞིབ་གནང་སྐབས། ཁོས་བསྟན་དོན། ནན་ཅང་གི་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དམངས་འཚོ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཁ་ཧྲི་ས་ཁུལ་གྱི་ཚོང་དོན་ཞབས་ཞུ་ལྟེ་གནས་དང་། ཨེ་ཤེ་ཡ་དབུས་ནུབ་ཀྱི་རྒྱལ་སྤྱིའི་ཉོ་འཚོང་ཁྲོམ་རར་རྟོག་ཞིབ་གནང་བར་ཕེབས་སྐབས། ཁོས་བསྟན་དོན། ཞིན་ཅང་གི་ཁྱད་ཆོས་ལྡན་པའི་སྒོ་འབྱེད་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་དེ། རང་རྒྱལ་གྱིས་ནུབ་ཕྱོགས་ལ་སྒོ་འབྱེད་པའི་ཟམ་སྣེའི་མཁར་རྫོང་ཞིག་བསྐྲུན་དགོས། ཞིན་ཅང་ཧི་ཐན་སློབ་གླིང་དང་། ཞིན་ཅང་བཟོ་ལས་སློབ་གླིང་། ཁ་ཧྲི་སློབ་ཆེན་ཞིན་ཆོན་སློབ་ཁུལ་བཅས་སུ་རྟོག་ཞིབ་གནང་སྐབས། ཁོས་བསྟན་དོན། ཞིན་ཅང་དང་ལྷག་པར་དུ་ཞིན་ཅང་ལྷོ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་ནས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། ཝང་ཧུའུ་ཉིང་གིས་ད་དུང་ལུའོ་ཕུའུ་རྫོང་རི་ཝ་ཁི་དགོན་གྱི་རྗེས་ཤུལ་དང་ཁ་ཧྲི་གྲོང་ཁྱེར་འཆར་འགོད་ཁང་དུ་རྟོག་ཞིབ་གནང་།
ཟླ10པའི་ཚེས21ནས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཞིན་ཅང་ཧི་ཐན་དང་ཁ་ཧྲིར་རྟོག་ཞིབ་གནང་། པར་འདི་ནི་ཚེས23ཉིན་གྱི་ཕྱི་དྲོ། ཝང་ཧུའུ་ཉིང་གིས་ཧྲུའུ་ལི་རྫོང་ཐཱ་ཙི་ཧོང་ཡུལ་ཚོ་ཐེ་ཐུའུ་ཨར་སྡེ་བ་རུ་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་བརྗེ་རེས་ནང་བཞིན་པའི་ཚུལ་རེད།
རྟོག་ཞིབ་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཞིན་ཅང་གི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་སྔར་ལས་སྲ་བརྟན་དུ་བཏང་ཡོད། ཞིན་ཅང་གི་བྱ་བ་ཡག་པོ་སྒྲུབ་པར་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་གོ་གནས་ཨང་དང་པོར་བཞག་ནས། མི་རིགས་ཆོས་ལུགས་བྱ་བ་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། རིག་གནས་ལ་བརྟེན་ནས་ཞིན་ཅང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རིགས་སོ་སོའི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་་གཏིང་ཟབ་ཏུ་གཏོང་བ་དང་། “མོས་མཐུན་ལྔ”གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། དམག་དཔུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་དགོས།
ཝང་ཧུའུ་ཉིང་ད་དུང་རང་སྐྱོང་ལྗོངས་སྲིད་གྲོས་ཧི་ཐེན་ས་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཁ་ཧྲི་ས་ཁུལ་བྱ་བའི་ཨུ་ཡོན་ལྷན་ཁང་། མོ་ཡུས་རྫོང་གི་སྲིད་གྲོས་བཅས་སུ་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པར་ཕེབས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་ཆ་ཚང་ལ་ཡང་དག་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱ་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
མཱ་ཞིན་རུའེ་དང་། ཧྲི་ཐའེ་ཧྥིན། ཝང་ཏུང་ཧྥིན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་གནང་།
ཤ་བོ་རིན་མཚོས་བསྒྱུར།