ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ10པའི་ཚེས22ནས་ཚེས24ཉིན་བར་ཉིང་ཞ་དང་ནང་སོག་ཏུ་རྟོག་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་དགོས་མཁོར་དམིགས་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ་དང་ཁྱད་ལྡན་ཁྱད་སྟོབས་འདོན་སྤེལ་བྱེད་པ། “བྱང་གསུམ”གྱི་འགོག་སྲུང་ནགས་ཚལ་མ་ལག་སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ནུས་ཁུངས་འདོན་སྤྲོད་འགན་སྲུང་གི་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས།
ཟླ10པའི་ཚེས22ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིང་ཞ་དང་ནང་སོག་ཏུ་རྟོག་ཞིབ་གནང་། པར་འདི་ནི་ཟླ10པའི་ཚེས22ཉིན། ལིས་ཆང་གིས་ཉིང་ཞ་ཡུན་ཁྲོན་རྒྱལ་ཁབ་ནུས་ཁུངས་ཉིང་ཞའི་རྡོ་སོལ་ཀུང་སིའི་སོལ་སྣུམ་ལས་གཞིའི་ཁུལ་དུ་དེང་རབས་སོལ་གཏེར་རྫས་འགྱུར་བཟོ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྒྱུས་ལོན་གནང་བའི་ཚུལ་རེད།
ཉིང་ཞའི་ཡུན་ཁྲོན་དུ་ལིས་ཆང་ཉིང་ཞའི་བྱེ་ཐང་ལྗང་འགྱུར་དང་བྱེ་མའི་ཐོན་ལས་འཕེལ་རྒྱས་རྟེན་གཞིར་ཕེབས་ནས། རྨ་ཆུའི་ཁུག་སྣེའི་ཉིང་ཞའི་མཁྲེགས་གཏོར་དམག་འཐབ་སོགས་ཀྱི་སྙན་ཞུར་ཉན་པ་དང་། ནགས་སར་ཕེབས་ནས་བྱེ་བཅོས་དཔའ་བོ་ཝང་ཡིའུ་ཏི་སོགས་དང་མཉམ་དུ་བསམ་བློ་བརྗེ་རེས་གནང་། ལིས་ཆང་གིས་ཚང་མར་བྱེ་བཅོས་ཀྱི་ངར་ཤུགས་དང་སྙིང་སྟོབས་རྒྱུན་འཛིན་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཆབས་ཅིག སྣ་མང་གཉེར་སྐྱོང་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་བྱས་ནས་ཕྱུག་འགྱུར་བྱེད་དགོས་པའི་སྐུལ་ལྕག་གནང་། ཉིང་ཞའི་ཤར་རྒྱུད་ཀྱི་སྟོང་ཝ་ས་ཡ་གཉིས་ཟིན་པའི་མཉམ་འདུས་འོད་ཤུགས་རྟེན་གཞི་རུ། ལིས་ཆང་གིས་ཉིང་ཞའི་རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་སོགས་ཀྱི་སྙན་ཞུར་ཉན། ཁོས་བཤད་རྒྱུར། རྡོ་སོལ་ཐོན་ཁུངས་རང་ས་གནས་ནས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས། དངོས་སྤྱོད་རྣམ་པ་སྔར་ལས་མང་བར་ཁ་ཕྱོགས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་དངོས་པོའི་ཕྱི་རོལ་གྱི་འབུར་ངོས་དང་ལྷག་པར་དུ་ཁང་སྟེང་གི་བར་སྟོང་བེད་སྤྱོད་ཡག་པོ་བྱས་ཏེ། འོད་ཤུགས་སོགས་ནུས་ཁུངས་གསར་པའི་འཕེལ་རྒྱས་ཀྱི་སྦས་ཤུགས་སྔར་ལས་འདོན་སྤེལ་བྱེད་དགོས།
ཟླ10པའི་ཚེས22ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིང་ཞ་དང་ནང་སོག་ཏུ་རྟོག་ཞིབ་གནང་། པར་འདི་ནི་ཟླ10པའི་ཚེས23ཉིན། ལིས་ཆང་གིས་ནང་སོག་ཨེའར་ཏུའོ་སིའི་ཡུལ་དངོས་སུ་ཞིས་ལིའུ་གུག་གི་སྣེ་འདྲེན་ཆུ་མགོ་དང་དེའི་སྐྱེ་ཁམས་དྭངས་གཙང་གི་བཞུར་རྒྱུན་ཆུང་བའི་ས་ཆུ་སྲུང་འཛིན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།
ནང་སོག་གི་ཨེའར་ཏུའོ་སི་དང་ཧུའུ་ཧི་ཧའོ་ཐི་རུ་ལིས་ཆང་གིས་ཞིས་ལིའུ་གུག་གི་སྣེ་འདྲེན་ཆུ་མགོ་དང་དེའི་སྐྱེ་ཁམས་དྭངས་གཙང་གི་བཞུར་རྒྱུན་ཆུང་བའི་ས་ཆུ་སྲུང་འཛིན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། ཁུའུ་པུ་ཆི་བྱེ་ཐང་གི་བྱང་རྒྱུད་མཐའ་འབྲེལ་ནགས་ཚལ་འཛུགས་སྐྲུན། ཏཱ་ཆིན་རི་བོའི་མདུན་གཟར་གྱི་སྐྱེ་ཁམས་བཅོས་སྐྱོང་། མོང་རྩྭ་སྡེ་ཚོགས་ཀྱི་རྩྭ་སོན་ལས་རིགས་ཀྱི་ཚན་ཞིབ་དང་སོན་བཟང་ཁྱབ་གདལ་གཏོང་བ། དབྱི་ལིས་རིག་ལྡན་བདེ་ཐང་འོ་ལས་ལག་རྩལ་གསར་གཏོད་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན།“བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་སོགས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན། ཡུལ་བབ་དང་བསྟུན་ཏེ་ཕྱོགས་སོ་སོའི་ཐོན་ཁུངས་ནུས་ལྡན་འདུས་གྲུབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་མཉམ་ཤུགས་སྔར་ལས་ཆེན་པོ་ཆགས་པར་བྱེད་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱ་དགོས། བྱེ་སའི་ཤིང་འབྲས་དང་། ཀྲུང་ལུགས་ཀྱི་རྩྭ་སྨན་རྒྱུ་ཆ། སྐྱེ་ཁམས་ཡུལ་སྐོར། སྐྱེ་ཁམས་ཞིང་ཕྱུགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཧུར་ཐག་གིས་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་མང་ཙམ་ཐོབ་ཐུབ་པ་བྱེད་དགོས།
ལིས་ཆང་གིས་ཏཱ་ལ་ཐི་ཆིའི་བྱེ་འགོག་བྱེ་བཅོས་དང་རླུང་གློག་འོད་ཤུགས་གཞི་གཅིག་ཅན་གྱི་བཟོ་སྐྲུན་དང་། ནང་སོག་ནུས་ཁུངས་སྡེ་ཚོགས་ཅིན་ཧྲན་ཚ་གློག་ཀུང་སིར་རྟོག་ཞིབ་གནང་། ཁོས་བསྟན་དོན། ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་དང་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ནུས་ཁུངས་དང་ནུས་ཁུངས་གསར་པའི་ནུས་མང་ཕན་གསབ་དང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས། རྡོ་སོལ་གཙང་མ་ནུས་ཆེའི་ངང་སྤྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གློག་འདོན་དང་དྲོད་རླངས་མཁོ་འདོན་གྱི་ལས་ཕྱོད་སྔར་ལས་ཆེ་རུ་བཏང་སྟེ་མང་ཚོགས་རྣམས་ཀྱིས་དྲོད་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་དངོས་གནས་འགན་སྲུང་བྱེད་དགོས།
ལིས་ཆང་གིས་ཉིང་ཞ་དང་ནང་སོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། འགན་འཁྲི་ཁུར་ཕོད་པ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པའི་བླང་བྱ་བཏོན།
ཝུའུ་ཀྲིན་ལུང་མཉམ་དུ་རྟོག་ཞིབ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།