ལིས་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ་དང་ཚན་ཧའོ་ཧུའེ་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་འཇོག་བྱ་རྒྱུའི་ཐག་བཅད།
2024.10.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ10པའི་ཚེས25ཉིན་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ་དང་། ཚན་ཧའོ་ཧུའེ་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་འཇོག་བྱ་རྒྱུ་དང་། 2024ལོའི་ཟླ12པའི་ཚེས20ཉིན་ལས་གནས་སྟེང་ཞུགས་རྒྱུའི་གཏན་འཁེལ་བྱས།

ཚོགས་འདུའི་སྟེང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཚན་ཧའོ་ཧུའེ་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་གྱི་འོས་མིར་འདེམས་བསྐོ་བྱ་རྒྱུའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མིན་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞ་པའོ་ལུང་གིས་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་འདེམ་བསྐོའི་གནས་ཚུལ་སྐོར་སྙན་ཞུར་ཕུལ་བར་ཉན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》གཞིར་བཟུང་སྟེ། གྲོས་ཚོགས་སྟེང་ཚན་ཧའོ་ཧུའེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་འཇོག་བྱ་རྒྱུའི་ཐག་བཅད།

ལིས་ཆང་གིས་ནན་གྱིས་བསྟན་དོན། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འགོར་བའི་རིང་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དེ་ཨའོ་མིན་དུ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡང་དག་བྱུང་བ་དང་། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ལ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་བྱུང་བ་དང་། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ཨའོ་མིན་གྱི་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་རྣམ་པ་ཡག་ཤོས་བཏོད་ཡོད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཨའོ་མིན་པས་ཨའོ་མིན་སྐྱོང་བ”། ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་མུ་མཐུད་དུ་ཕྱོགས་ཡོངས་དང་གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་དང་། བདེན་སྲུང་གསར་གཏོད། འགན་འཁུར་ཕོད་པ་བཅས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཨའོ་མིན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྲུབ་འབྲས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན། ཨའོ་མིན་གྱིས་རང་ངོས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་དང་། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱ་དགོས། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་གཏོང་བར་སྐུལ་འདེད། དམངས་འཚོ་མུ་མཐུད་དུ་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་བྱས་ནས་ཨའོ་མིན་དང་མེས་རྒྱལ་ནང་ལོག་ས་ཁུལ་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་ཡོང་བར་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས།

ཤ་བོ་གསེར་མཚོས་བསྒྱུར།