ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས25ཉིན་པེ་ཅིང་དུ་ཆིན་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འཐུས་མིར་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་བསྟན་དོན། དེང་སྐབས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་བརྟན་པོ་དང་བརྟན་པོའི་ཁྲོད་ཡར་རྒྱས་འགྲོ་བཞིན་ཡོད། ང་ཚོས་འཕར་ཚད་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་ཕྱོགས་སོ་སོའི་ལེགས་ཆ་སྲ་བརྟན་དང་རིམ་སྤོར་བྱུང་བ་དང་། བཅོས་སྒྱུར་དང་གསར་གཏོད་ལ་སྐུལ་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་འགུལ་ནུས་སྔར་ལས་ཆེ་རུ་ཕྱིན་ནས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་་སྒོ་འབྱེད་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། འཛམ་གླིང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད། ཨུ་ཡོན་རྣམས་ཀྱིས་མུ་མཐུད་དུ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཀྲུང་གོའི་དཔལ་འབྱོར་དང་སློབ་གསོའི་བྱ་གཞག་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད།
བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏིས་མུའུ·ཁུའུ་ཁི་སོགས་ཀྱིས་གཏམ་བཤད་གནང་སྐབས་བསྟན་དོན། ཀྲུང་གོར་མ་འོངས་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཡོད་པས་ཀྲུང་གོར་དངུལ་གཏོང་མཉམ་ལས་བྱེད་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།