ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ10པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཟླ9པའི་ཚེས26ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱ་ཆེད། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱིས་མིག་སྔའི་དཔལ་འབྱོར་གནས་བབ་དང་འཕར་འབོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་ལ་ཡུལ་དངོས་རྟོག་ཞིབ་གནང་བར་ཕེབས་པ་དང་། ཐེངས་འདིའི་ཚོགས་ཐོག་ནས་དེའི་ཐད་ནས་དགོངས་འཆར་བརྗེ་རེས་གནང་བ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་ཀྱང་གནང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་དམ་པོར་དམིགས་ཏེ། འཕར་འབོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡོང་བར་བྱེད་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། དུས་ཐོག་ཏུ་དཔྱད་འཇོག་དང་སྲིད་ཇུས་ཇེ་ལེགས་སུ་གཏོང་བ། ལྡོག་པའི་འཁོར་ཡུན་གྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཁོག་སྙོམས་སྒྲིག་གི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་སྲིད་ཇུས་དང་ཁྲོམ་རའི་མཉམ་འགུལ་ལ་སྔར་ལས་མཐོང་ཆེན་བྱེད་པ་དང་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་བསྐྱེད་དེ། འཕར་བའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས།

ཚོགས་ཐོག་ནས་གངས་འཁྱག་ལུས་རྩལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གངས་འཁྱག་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་སྐོར་གྱི་འབྲེལ་ཡོད་བྱེད་ཐབས་བཀོད་སྒྲིག་བྱས། གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་མགྱོགས་མྱུར་ངང་ཁྱབ་བརྡལ་ཆེན་པོ་བྱུང་བ་དང་། གངས་འཁྱགས་ཡུལ་སྐོར་དང་གངས་འཁྱགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས། གངས་འཁྱགས་ལུས་རྩལ་གྱི་མང་ཚོགས་རྨང་གཞི་སྔར་ལས་རྒྱ་ཆེར་ཕྱིན་པ་དང་། མང་ཚོགས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་རྒྱ་ཁྱབ་ངང་སྤེལ་ཏེ། ལོ་ཆུང་གཞོན་ནུའི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གངས་འཁྱགས་ལུས་རྩལ་གྱི་རྩལ་འགྲན་ཆུ་ཚད་ཇེ་མཐོར་གཏོང་བ། གངས་འཁྱགས་ལས་གཞིའི་འགྲན་བསྡུར་འཁྲབ་ སྟོན་ཐོན་ལས་འཕེལ་རྒྱས་གཏོང་བ།“མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི”གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གངས་འཁྱགས་ལུས་རྩལ་རྒྱལ་ཡོངས་སུ་ཁྱབ་བརྡལ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གངས་འཁྱག་དཔལ་འབྱོར་གྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ཆུ་ཚད་མངོན་སུམ་ཇེ་མཐོར་བཏང་ནས། ཡུལ་བབ་དང་བསྟུན་ཏེ་ཁྱད་པར་ཅན་དང་ཁྱད་ལྡན་ཅན་གྱི་གངས་འཁྱག་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། གངས་འཁྱག་སྒྲིག་ཆས་ཞིབ་སྤེལ་གསར་གཏོད་དང་སྤུས་རྟགས་སྐྲུན་རྒྱུར་ཤུགས་སྣོན་པ། ཐོན་རྫས་ཀྱི་སྤུས་ཚད་དང་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས། གངས་འཁྱགས་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་ཅན་དང་སྤུས་ལེགས་ཅན། ཁྱད་ལྡན་ཅན་བཅས་ཀྱི་ཁེ་ལས་ཆུང་འབྲིང་བཅས་ཁག་གཅིག་སྐྱེད་སྲིང་བྱེད་པ།  གངས་འཁྱགས་ར་བའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མ་ལག་ཆ་ཚང་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གངས་འཁྱགས་འཛད་སྤྱོད་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གངས་འཁྱགས་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། གངས་འཁྱགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གངས་འཁྱགས་དཔལ་འབྱོར་དེ་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས《རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  གྲོས་ཚོགས་ལས་བསྟན་དོན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། རྨང་གཞིའི་ཞིབ་འཇུག་གི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། གོ་རིམ་ལྡན་པའི་རང་བཞིན་བཅས་ཀྱི་བཀོད་པར་ཤུགས་སྣོན་པ་དང་། ཐོག་མའི་གསར་གཏོད་རང་བཞིན་གལ་ཆེན་དང་སྣོལ་སྡེབ་རིག་གཞུང་ཚན་ཁག་གསར་སྐྲུན་སོགས་ཀྱི་རྣམ་གྲངས་ལ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་བ། ན་གཞོན་ཚན་རིག་ལག་རྩལ་མི་སྣ་གསོ་སྐྱོང་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བར་རྨང་གཞིའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ལག་རྩལ་གྱི་འབྱུང་རྩ་ནས་འདོན་སྤྲོད་བྱེད་པར་སྔར་ལས་སྲ་བརྟན་གྱི་རྨང་གཞི་འདིང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་གང་མང་རྨང་གཞིའི་ཞིབ་འཇུག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་དང་རྩ་འཛུགས་གཞན་དག་གིས་མ་དངུལ་བཏང་ནས་མཉམ་འབྲེལ་སྒོས་རོགས་སྐྱོར་བྱ་རྒྱུར་སྐུལ་ལྕག་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་དོ་དམ་ཚད་ལྡན་ཅན་དུ་གཏོང་བ་དང་། ཡོངས་བསྒྲགས་དང་དྲང་སྙོམས། དྲང་གཞག་བཅས་རྒྱུན་འཁྱོངས་བྱེད་པ། ལས་ཆོད་དཔྱད་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་ཞིབ་འཇུག་གི་ཁ་དན་ཚིག་ལ་མི་གནས་པ་སོགས་ཀྱི་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་པ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཚན་རིག་ཞིབ་འཇུག་གི་སྤྱོད་ཚུལ་དང་སློབ་སྲོལ་གཏོད་དགོས།

ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།