ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
2024.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། དམངས་སྲིད་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲི་ཏན་ཏིག་ངང་བསྒྲུབས་པས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མཚོན་ནས་བཤད་ན་དམངས་འཚོ་ནི་སྔར་ལས་གལ་འགངས་ཆེ་ཤོས་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དམངས་སྲིད་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ། ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། དམངས་སྲིད་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་བྱ་བར་ཤུགས་སྣོན་རྒྱུ་དང་། བཅོས་སྒྱུར་དང་གསར་གཏོད་སྔར་ལས་ཟབ་སྤེལ་གཏོང་བ། སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་དང་ཞབས་ཞུ་འགན་ལེན་མ་ལག  ལྟ་སྐུལ་དོ་དམ་མ་ལག  སྤྱི་ཚོགས་ཟབ་ཞུགས་མ་ལག་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ། མི་གྲངས་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་གང་ཐུབ་བྱེད་པ། རང་འགུལ་ངང་མི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་དོན་དངོས་སྒྲུབ་པ། དཀའ་ཁག་སེལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འཇོག་འོས་པའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཟླ10པའི་ཚེས25ནས་ཚེས26ཉིན་བར་པེ་ཅིང་དུ་འཚོགས།  ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

རྒྱལ་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཟླ10པའི་ཚེས25ནས་ཚེས26ཉིན་བར་པེ་ཅིང་དུ་འཚོགས།  ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

ལིས་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཉེ་བའི་ལོ་འདི་འགའི་རིང་གི་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་གནང་བ་དང་། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དམངས་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རེ་བ་ནན་མོ་དང་བླང་བྱ་ཁ་གསལ་བཏོན་ནས། ང་ཚོས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་དམངས་སྲིད་བྱ་གཞག་གི་ཁྲོད་དུ་མི་གཤིས་ཀྱི་འོད་ཟེར་མངོན་པ་དང་སྤྱི་ཚོགས་ཀྱི་གཞུང་དྲང་མངོན་ཐུབ་ལ། ཀུན་སྤྱོད་ཀྱི་ཚད་མཐའ་བརྟན་སྲུང་དང་ཤེས་རིག་གི་རྒྱུན་འཛིན་མངོན་ཐུབ་པར་བརྟེན། དེ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་དོན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བར་ཅིས་ཀྱང་དམངས་སྲིད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་བརྒྱུད། དཀའ་ངལ་ཡོད་པའི་མང་ཚོགས་དང་དབང་པོ་སྐྱོན་ཅན་སོགས་ཚུད་པའི་ཚོགས་པ་སོ་སོའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་འགན་ལེན་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོ་བཏང་ནས། ཐུན་མོང་གི་དམིགས་འབེན་མངོན་འགྱུར་ཡོང་ཆེད་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་གསོན་ཉམས་ཅན་གྱི་རྣམ་པ་ཞིག་གྲུབ་པར་འབད་དགོས་ཞེས་གསུངས།

ལིས་ཆང་གིས་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་དམངས་སྲིད་ལས་དོན་སྒྲུབ་སྟེ། དོན་བཟང་དང་དོན་དངོས་མང་ཚོགས་ཀྱི་སེམས་སུ་ཏན་ཏིག་ངང་སིམ་པར་བྱེད་དགོས། སྲིད་ཇུས་གཏན་འབེབས་ཐད་ནས་མང་ཚོགས་ཀྱི་སྣ་མང་དགོས་མཁོ་དང་བསྟུན་ཏེ། སྲིད་ཇུས་ཀྱི་དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས། སྲིད་ཇུས་ལག་བསྟར་བྱེད་པའི་ཐད་ནས་སྲིད་ཇུས་ཀྱི་འགྱུར་མེད་རང་བཞིན་དང་བྱ་བའི་མཉེན་གཤིས་ཟུང་འབྲེལ་དམ་ཟབ་བྱེད་དགོས། སྲིད་ཇུས་ཀྱི་ཕན་འདོགས་པའི་ཐད་ནས་སྲིད་ཇུས་ཀྱི་དཔྱད་འཇོག་དང་སྲིད་ཇུས་ལེགས་གཏོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་པ་དྲག་པོར་བརྟེན་ནས་དམངས་སྲིད་ལས་དོན་སྒྲུབ་སྟེ། དམངས་སྲིད་ལས་དོན་གོང་དུ་སྤེལ་བར་ཆབ་སྲིད་ཀྱི་ཐོག་ནས་བསམ་གཞིགས་དང་ཇུས་འགོད། སྐུལ་འདེད་བཅས་བྱེད་མཁས་པོ་བྱེད་དགོས། གཏིང་ཟབ་ཞིབ་ཚགས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དམངས་སྲིད་ཀྱི་ལས་དོན་སྒྲུབ་སྟེ། རང་འགུལ་ངང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། ལས་དོན་ཞིབ་ཕྲ་དང་ལས་དོན་ཟབ་སྤེལ་བྱེད་རྒྱུ་དམ་འཛིན་གང་ལེགས་བྱེད་པ་དང་། གནས་ཚུལ་ཞིབ་ཕྲ་དང་གནས་ཚུལ་སྔ་མོར་མཐོང་ཐུབ་པའི་གསལ་རྟོགས་ནུས་པ་མངོན་སུམ་གྱིས་ཆེ་རུ་གཏོང་བ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ནན་མོ་བྱེད་པ། མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་དོན་ཆུང་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་དམངས་ཀྱི་ཆེད་དུ་དམངས་གཅེས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམངས་སྲིད་ལས་དོན་སྒྲུབ་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། དམངས་སྲིད་བཅོས་སྒྱུར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་དེ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་མིག་མདུན་གྱི་སེམས་ཁྲལ་ཆེ་བའི་བྱ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ལམ་ལུགས་མ་ལག་ལ་རང་འགུལ་ངང་ཇུས་འགོད་དང་དེ་འཐུས་ཚང་དུ་བཏང་ནས། དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གྱིས་གསུངས།

རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་གཏམ་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཙུང་ལི་ལིས་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དགོས་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རྒན་གསོའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་ས་ཁོངས་དང་ས་མིང་དོ་དམ་ལ་ཤུགས་སྣོན་པ། པུར་འཇུག་བྱེད་ལུགས་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བ། དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ཞེས་བཤད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་བཟང་། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས། ཧྲང་ཧའེ་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཅང་ཞི་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཧྲན་ཞི་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་ཁུར་པས་བརྗེ་རེས་གཏམ་བཤད་བྱས།

ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།