སྐབས་བཅུ་གཅིག་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་དེ་ཚེས26ཉིན་ཉིང་ཞ་ཡུན་ཁྲོན་དུ་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་བརྩེའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གཙོ་དོན་གཏམ་བཤད་གནང་།
ཧྲིན་ཡུའེ་ཡུའེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྟེང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ཀྱི་འཆར་གཞི་གསར་པ་བཀོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་སོ་སོ་དང་མུ་མཐུད་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཕྱོགས་ཡོངས་ནས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དྲུག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བསྣན་ནས་ལས་སྐལ་གཅིག་མཐུན་ཚོགས་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕན་ཚུན་འབྲེལ་བའི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་མཉམ་ལས་ཀྱི་བཀོད་འདོམས་དམག་གྲུའི་ལས་སྟེགས་བསྐྲུན་དགོས། ས་གནས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། སྲིད་གཞུང་གི་དཔོན་རིགས་སོགས་ཀྲུང་ཕྱིའི་མི་སྣ300ལྷག་ཙམ་མགོ་རྩོམ་མཛད་སྒོར་ཞུགས། གླེང་སྟེགས་ཀྱིས“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ《ཡུན་ཁྲོན་གྱི་གྲོས་འགོ》ཁྱབ་བསྒྲགས་བྱས།
ཤ་བོ་རིན་མཚོས་བསྒྱུར།