ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་ལྔ་པས་རྙེད་པའི་གནད་དོན་ལན་སྤྲོད་བྱ་བ་ཡོངས་འགྲུབ་བྱས། ཟླ10པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གིས་སྔ་རྗེས་སུ་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིར་ལན་སྤྲོད་ཚོགས་འདུ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུ་ལ་ལན་སྤྲོད་ཚོགས་འདུ་འཚོགས། ཟླ10པའི་ཚེས22ཉིན་ནས་ཚེས25ཉིན་བར་དུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི10དང་། ཟི་ལིང་གྲོང་ཁྱེར་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལས་ཁུངས། གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ། དེ་བཞིན་མཁར་དབུས་ཁུལ་དང་མཁར་ནུབ་ཁུལ་བཅས་ལ་དམ་པོར་དམིགས་ཏེ། སྐོར་ཞིབ་ལ“ཕྱིར་མིག་ལྟ་བ”དང་འབྲེལ་བ་ཡོད་པའི་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མགོ་ལོག་ཁུལ། དཔའ་ལུང་རྫོང་། ཞོན་ཧྭ་རྫོང་བཅས་ལ“གཅིག་གཏད་གཅིག”གི་སྐོར་ཞིབ་སྤེལ་བའི་གནས་ཚུལ་སྐོར་ནས་ལན་བྱིན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཧྲིན་ཀྲང་གཞོན་པ་བཅས་གཅིག་སྡུད་སྒོས་ལན་སྤྲོད་པའི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ལན་སྤྲོད་ཚོགས་འདུར་ཞུགས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུའི་སྟེང་དུ། སྐོར་ཞིབ་ཐེངས་ལྔ་པའི་གནས་ཚུལ་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། སྐོར་ཞིབ་དངོས་ཀྱི་སྐབས་སུ་ཤེས་རྟོགས་བྱུང་བའི་གནད་དོན་མངོན་གསལ་ཅན་དག་བསྒྲགས་ལ། སྐོར་ཞིབ་བསམ་འཆར་བཏོན་ནས། སྐོར་ཞིབ་དག་ཐེར་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པའི་ཐད་ནས་བླང་བྱ་གསལ་པོ་བཏོན།
ལན་སྤྲོད་སྐབས་སྐོར་ཞིབ་བྱ་ཡུལ་གྱི་ས་ཁུལ་དང་ལས་ཁུངས་སུ་གནས་པའི་གནད་དོན་གཟབ་ནན་གྱིས་བཏོན། ཟི་ལིང་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་ཚད་མངོན་གསལ་དོད་པོ་མིན་པ་དང་། ཚན་རིག་དང་མཐུན་པའི་ངང་ལས་གཞི་གལ་ཆེན་ཇུས་འགོད་བྱེད་པའི་ཐད་ཞན་ཆ་ཡོད་པ། བཅོས་སྒྱུར་གྱི་ལས་འགན་གལ་ཆེན་མུ་མཐུད་དོན་འཁྱོལ་བྱེད་པའི་ཐད་ཞན་ཆ་ཡོད་པ། གྲོང་ཁྱེར་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཐད་ཧེ་བག་ཡོད་པ། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་ཤུགས་མི་འདང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི“འགན་འཁྲི་གཉིས”དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་དང་ནུས་པ་དེ་ཙམ་ཆེན་པོ་མེད་པ། ཁྱབ་ཁོངས་འགའ་རུ་སྤྱོད་གཙང་ཐད་ཀྱི་ཉེན་ཁ་ཡོད་པ་སོགས་བསྟན། ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་ཏང་འཛུགས་བྱེད་ཤུགས་མི་འདང་བ་དང་། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་ཚད་གནད་འཁེལ་མིན་པ། འགན་འཁྲི་གཙོ་བོ་དང་བྱ་གཞག་གཙོ་བོར་དམིགས་ཏེ་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་ཇེ་ལེགས་སུ་གཏོང་བའི་ཐད་ཧེ་བག་ཆེན་པོ་ཡོད་པ། ཏང་དང་ཁེ་ལས་ནན་སྐྱོང་བྱེད་ཤུགས་མི་འདང་བ། འཕེལ་རྒྱས་ལ་ཉེན་ཁ་དང་འགལ་རྐྱེན་མང་པོ་འཕྲད་པ་སོགས་ཀྱི་གནས་ཚུལ་ཡོད་པ་བསྟན། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མགོ་ལོག་ཁུལ། དེ་བཞིན་དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་བཅས་ཀྱིས་སྐོར་ཞིབ་དག་ཐེར་བྱེད་པའི་སྐབས་སུ། ཏང་ཨུ་ལ་ལས་དག་ཐེར་གྱི་རང་བདག་འགན་འཁྲི་ཡག་པོ་མི་འཁུར་བ་དང་དག་ཐེར་དམ་འཛིན་ནན་མོ་མི་བྱེད་པ། ལ་ལས་གཙོ་གནད་དང་དཀའ་གནད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་མི་འདང་བ། ལ་ལས་སྐོར་ཞིབ་དག་ཐེར་དང་ལྟ་སྐུལ་ལ་ཤུགས་སྣོན་དགོས་པའི་ཐད་ད་དུང་ཧེ་བག་ཡོད་པ་སོགས་ཀྱི་ཞན་ཆ་བསྟན།
ལན་སྤྲོད་སྐབས་ནན་བཤད་བྱས་དོན། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིའི་ཏང་འཛུགས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚད་བསྡུར་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་སྔར་ལས་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ལམ་ལུགས་འཛུགས་སྐྲུན་དང་ལམ་ལུགས་ལག་བསྟར་ལ་སྔར་ལས་མཐོང་ཆེན་བྱེད་པ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། སྐོར་ཞིབ་ཀྱི“ལས་རིམ་རྗེས་མ”ནན་ཏན་གྱིས་དམ་འཛིན་ཡག་པོ་བྱེད་དགོས། དག་ཐེར་ཡོ་བསྲང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་ལ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་ཞིག་ཡིན་པས། སྐོར་ཞིབ་དག་ཐེར་གྱི་རང་བདག་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། “གཙོ་འགན་འཁུར་མཁན”གྱི་འགན་འཁུར་པ་གཙོ་བོའི་འགན་འཁྲི་དང་ཚན་ཁག་ཁོངས་མིའི“ལས་གནས་གཅིག་གི་སྟེང་ནས་འགན་འཁྲི་གཉིས་འཁུར་རྒྱུ”དོན་འཁྱོལ་བྱེད་པ། བསྟན་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ནན་མོ་བཅས་བྱས་ཏེ། གཅིག་ཤེས་ཀུན་གྲོལ་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། སྐྱོན་ཆ་སེལ་བ་བཅས་བྱེད་དགོས་པ་དང་སྐབས་འཕྲལ་སླ་བཅོས་བྱེད་རིགས་སྔོན་འགོག་བྱེད་དགོས། དག་ཐེར་ཡོ་བསྲང་གི་ཕན་འབྲས་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་སྲུང་སྐྱོབ་བྱེད་པ་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་དགོས།
སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་བཏོན་པའི་བསམ་འཆར་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ལྷག་བསམ་ཟོལ་མེད་སྒོས་ལན་སྤྲད་པའི་བསམ་འཆར་ལ་ཁས་ལེན་མཐའ་གཅིག་ཏུ་བྱེད་པ། བླང་བྱ་ལྟར་ཁྱོན་ཡོངས་ནས་དང་ལེན་བཅས་བྱས་ཏེ། རང་རྟོགས་སྒོས་སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བློ་ཐག་ཆོད་ལ་ནུས་པ་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་འཕྲལ་མར་དག་ཐེར་བྱེད་པ། གཟབ་ནན་དང་ཏན་ཏིག་གི་སྤྱོད་ཚུལ་ལ་བརྟེན་ནས་དག་ཐེར་འགན་ལེན་བྱ་རྒྱུ་ཡིན་པར་མ་ཟད། སྐོར་ཞིབ་ཀྱི“ལས་རིམ་རྗེས་མ”ཏན་ཏན་ཏིག་ཏིག་ངང་ཡོངས་འགྲུབ་བྱ་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།