—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དམངས་སྲིད་ལས་དོན་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་དང་སྒུལ་ཤུགས་གསར་པ་བསྣན།
རྒྱལ་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཟླ10པའི་ཚེས25ནས་ཚེས26ཉིན་བར་པེ་ཅིང་དུ་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་དམངས་སྲིད་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན“མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ། ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། རྒྱུན་ཆད་མེད་པར་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”པ་བརྒྱུད་བསྒྲགས་བྱས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ལྷག་བསམ་ཟོལ་མེད་ངང་དམངས་ཀྱི་བྱ་བ་སྒྲུབ་སེམས་མཚོན་པར་བྱས་ཡོད། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་སྐྱོད་ལམ་གསར་པའི་སྟེང་དམངས་སྲིད་བྱ་བ་ཡག་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མང་ཚོགས་ཀྱི་ཆེད་དུ་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་རྒྱུར་དམིགས་ནས། དམངས་སྲིད་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཉེ་བའི་ལོ་འགའི་རིང་། དམངས་སྲིད་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། རང་འགན་གཙང་སྒྲུབ་བྱས་པས་བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཉེ་བའི་ལོ་འགའི་རིང་གི་དམངས་སྲིད་ལས་དོན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། དེས་གྲོས་ཚོགས་ཀྱི་ཡུལ་དངོས་སུ་ཡོད་པའི་དམངས་སྲིད་པུའུ་ཡི་ལོ་ལོན་བྱ་བའི་སི་ཡི་སི་ཀྲང་ཡུས་ཅན་ལང་ལ་ཁ་ཕྱོགས་སྔར་ལས་གསལ་བ་དང་འགན་འཁྲི་སྔར་ལས་ལྕི་བའི་ཚོར་སྣང་བྱུང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་བྱ་བར་རེ་བ་ནན་མོ་དང་བླང་བྱ་གསལ་བོ་བཏོན་ནས། ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་དང་སྒུལ་ཤུགས་ཆེན་པོ་བསྣན། ངས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བར་མཐོང་ཆེན་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་གཟབ་ནན་ཞིབ་ཚགས་ཀྱི་སྤྱོད་ཚུལ་གྱི་ཐོག་ནས་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཡིན”ཟེར།
མིག་སྔར། མི་དམངས་མང་ཚོགས་ཀྱི་དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒན་རྒོན་དང་དཀའ་ངལ་ཡོད་པའི་བྱིས་པ། དབང་པོ་སྐྱོན་ཅན་སོགས་ཀྱི་ཚོགས་སྤྱིར་འགན་སྲུང་སྔར་ལས་ལེགས་པོ་བྱས་ཏེ། དམངས་སྲིད་ཀྱི་བྱ་བ་ཡག་པོ་སྒྲུབ་པར་དངོས་སུ་མང་ཚོགས་ཡིད་ཚིམ་པར་བྱེད་དགོས།
ཁྲུང་ཆིན་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུའུ་ཞེ་ཅཱ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་སྡེ་ཁུལ་དུ་སྐྱོད་སྐབས། ག་ས་གང་དུ་དམངས་འཚོའི་དྲོད་སྐྱིད་ཚོར་ཐུབ། ལོ་བདུན་ཅུར་སླེབས་པའི་སྡོད་དམངས་ཁྲིན་ཏའེ་རུང་གིས“ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་སྐབས། ‘ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དམངས་འཚོ་དོན་ཆེན་ཡིན་པ’གསུངས་ཡོད། ཐེངས་འདིའི་དམངས་སྲིད་བྱ་བའི་མཛུབ་སྟོན་གལ་ཆེན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་དེ་ལྟར་གསུངས་པ་ལས། ‘དམངས་འཚོ་དོན་ཆེན་ཡིན’པ་ཚོར་ཐུབ་ཅེས་བཤད་བྱུང་། ཁོས“ལོ་འདི་དག་གི་ཁྲོད་དཀའ་ངལ་ཡོད་པའི་མང་ཚོགས་དང་། དབང་པོ་སྐྱོན་ཅན་གྱི་སྡོད་དམངས་ཀྱི་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་པ་དང་། འཚོ་བ་ཇེ་བཟང་དུ་ཕྱིན་པས་ཚང་མའི་སེམས་སུ་དྲོད་འཁོལ་གྱིས་ཁེངས་ཡོད”ཟེར།
དམངས་སྲིད་ལས་དོན་ལས་མི་གཤིས་ཀྱི་འོད་སྣང་མཐོང་ཐུབ་ལ། སྤྱི་ཚོགས་ཀྱི་གཞུང་སེམས་མངོན་ཐུབ་པ་དང་། ཀུན་སྤྱོད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་བཞིན་ཡོད་ལ། དཔལ་ཡོན་རྒྱུན་འཛིན་མངོན་ཡོད་པས་དེ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་དོན་ཞིག་རེད།
སྐྱོད་ལམ་གསར་པའི་སྟེང་དམངས་སྲིད་བྱ་བ་ཇི་ལྟར་སྒྲུབ་དགོས་སམ། “དམངས་སྲིད་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། ཚད་མཐའི་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལ་བླང་བྱ་གསལ་པོ་བཏོན་ཡོད།
ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཝེ་ཡིས་བཤད་རྒྱུར།“ཁུན་ཧྲན་གྱི་མི་གྲངས་འཁོར་རྒྱུག་མང་ལ། མང་ཚོགས་ཀྱིས་དམངས་སྲིད་ལས་དོན་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་རྒན་གསོ་དང་བུ་བཅོལ། དུར་སྐྱེལ་སོགས་གྲོང་མིའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། དཀའ་ངལ་ཆེ་བའི་ཚོགས་སྤྱིར་གཞི་ཚུགས་པ་དང་། ཆེས་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས”ཟེར།
བཅོས་སྒྱུར་ལ་ཤུགས་ཡོད་པ་དང་དམངས་ཚིས་ལ་དྲོད་འཁོལ་ལྡན། དམངས་འཚོར་དོ་ཁུར་བྱེད་པ་ནི་བཅོས་སྒྱུར་གྱི་གཙོ་གནད་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ནང“བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བའི”བླང་བྱ་གསལ་པོ་བཏོན་ཡོད། ཀོང་ཏུང་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་དུ་གནས་ཡོད་པས། ཀོང་ཀྲོའུ་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་སུའུ་ཕེ་ཡིས་བཅོས་སྒྱུར་ལ་བརྟེན་ནས་དམངས་འཚོའི་སེམས་ཁྲལ་སེལ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ཚོར་ཡོད།
སུའུ་ཕེ་ཡིས་བཤད་རྒྱུར། “ལོ་འདི་དག་གི་རིང་ལ། ང་ཚོས་གྲོང་ཁྱེར་ཡོངས་སུ་རྒྱལ་ཡོངས་ཀྱི་ཚོད་ལྟ་དང་དཔེ་སྟོན་ས་ཚིགས་སྣ17ཁྱབ་གདལ་དུ་བཏང་སྟེ། དམངས་སྲིད་བཅོས་སྒྱུར་གྱི་རིན་ཐང་འདུས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཉམས་མྱོང་བཟང་པོ་སྐོར་ཞིག་ཆགས་ཡོད།”གོ་རིམ་རྗེས་མར། ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ལ་རང་འགུལ་སྒོས་བསྟུན་ནས། གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་ནུས་པ་ལྡན་པའི་དམངས་སྲིད་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་བཏང་ནས། དམངས་སྲིད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ཀྱི་སྔོན་སྐྱོད་པ་དང་ལག་ལེན་པ་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།
ཐེན་ཅིན་གྲོང་ཁྱེར་དམངས་སྲིད་ཅུའུ་སྤྱི་ཚོགས་ལས་དོན་དང་ཕན་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིས་ཧྲིན་གྱིས་ས་གནས་དེ་གའི་སེམས་ཁམས་འགལ་རྐྱེན་ཐད་ཀྱི་སྡེ་ཁུལ་བདེ་ཐང་སླར་གསོའི་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་དང་། ཞབས་ཞུའི་འགན་སྲུང་མ་ལག ལྟ་སྐུལ་དོ་དམ་གྱི་མ་ལག སྤྱི་ཚོགས་ཟབ་ཞུགས་ཀྱི་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས”ཞེས་པར་སློབ་སྦྱོང་བྱས་པ་དང་གོ་བ་གཏིང་ཟབ་བླངས་ནས། རྗེས་ཕྱོགས་ཀྱི་བྱ་བའི་བྱེད་ཐབས་དང་བྱེད་བའི་ཁ་ཕྱོགས་ཐད་རྒྱུས་ལོན་དང་ངོས་འཛིན་ཟབ་མོ་བྱུང་ཡོད།
ལིས་ཧྲིན་གྱིས་བཤད་རྒྱུར། “སྲིད་ཇུས་ཀྱི་འདོན་སྤྲོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། བདེ་ཐང་སླར་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་དྲ་རྒྱ་ཚགས་དམ་པོར་གཏོང་བ། མི་སྔར་ལས་མང་པོ་དེའི་ནང་ཞུགས་རྒྱུར་སྐུལ་སློང་བྱེད་པ། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཚེ། བསམ་པར་གནད་དོན་ཡོད་པའི་མི་སྣ་སྡེ་ཁུལ་ནས་ཕྱི་རུ་འགྲོ་མི་དགོས་པར་ཆེད་ལས་ཀྱི་བདེ་ཐང་སླར་གསོའི་ཞབས་ཞུ་ཐོབ་ཐུབ་པ་མ་ཟད།‘སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པ་དང་། སྨན་ཁང་ནས་ཕྱིར་འབུད་པ། ཡང་བསྐྱར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པ་བཅས་ཀྱི་དཀའ་གནད་ལས་སྒྲོལ་ཐུབ”ཟེར།
སྤྱི་ཚོགས་ཤིག་བདེ་སྐྱིད་ཡིན་མིན་དེ་གཙོ་བོ་རྒན་པ་རྣམས་བདེ་སྐྱིད་ལྡན་མིན་ལ་བལྟ་དགོས།
ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ལན་ཧུའུ་ཆུའུ་རྟོག་བཟོའི་རྒན་གསོ་ཁང་གི་འགན་ཁུར་བ་ཞུའེ་མེ་ཡིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཁྲོད‘ཤུགས་རྒྱག་ས’གཉིས་བཏོན་པ་དང་། དེའི་ཁྲོད་ཀྱི་གཅིག་ནི‘ཧུར་ཐག་གིས་མི་གྲངས་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་འཇལ་པའི་རྒྱལ་ཁབ་ཀྱི་འཐབ་ཇུས’ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས’ཞེས་པ་དེ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་རྒན་རྒོན་དུང་ཕྱུར་མང་པོར་ཐུགས་བརྩེ་ཟབ་མོ་གནང་བ་དང་རྒན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་ཞིག་རེད”ཟེར།
ཞུའེ་མེ་ཡིས་བཤད་རྒྱུར། མིག་སྔར། རྒན་པ་མང་ཆེ་བ་ཁྱིམ་དུ་རྒན་གསོ་བྱེད་རྒྱུར་ཕྱོགས་པ་དང་། རྒན་པས་ཁྱིམ་དུ་རྒན་གསོ་བྱེད་པ་དང་སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཞུ“སྒོ་རྩར་སྐྱོད་པའི”རྟོག་བཟོའི་རྒན་གསོ་ཁང་འཕེལ་རྒྱས་གཏོང་བའི་བྱ་བ་སྤེལ་རིན་ཆེན་པོ་ཡོད། “ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མཐའ་འཁོར་སྨན་ཁང་དང་མཉམ་ལས་བྱས་ནས་ལྗང་མདོག་བགྲོད་ལམ་བཙུགས་ཏེ། རིག་ནུས་བྱེད་ཐབས་སྤྱད་ནས་རྒན་གསོའི་ཞབས་ཞུ་མི་སྒེར་ཅན་དང་ཆ་སྒྲིག་བྱེད་པ་དང་། རྒན་པའི་ཁྱིམ་སྡོད་རྒན་གསོའི་བདེ་འཇགས་རང་བཞིན་དང་། སྟབས་བདེ་རང་བཞིན། སྐྱིད་སྣང་རང་བཞིན་བཅས་ཆེ་རུ་བཏང་སྟེ། རྒན་གསོ་བྱེད་པ་ནས་ལོངས་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།
དམངས་སྲིད་བྱ་བ་དེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་ཕན་བདེ། སྤྱི་ཚོགས་ཀྱི་ལས་དོན། སྤྱི་ཚོགས་བཅོས་སྐྱོང་བཅས་ཕྱོགས་སོ་སོར་འབྲེལ་བ་ཡོད་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད།
མིང་རྒྱལ་རབས་ཀྱི་འཛུགས་སྐྲུན“ཐོག་བརྩེགས་ཁང་ཆེན”དེ་ད་ལྟ་ཞང་ཐན་གྱི་མི་གཉེན་སྒྲིག་བྱེད་པའི་བདེན་དཔང་པོ་བྱེད་གནས་ཞིག་ཏུ་གྱུར་ཡོད། 2023ལོར་ཡུས་ཧུའུ་ཆུའུ་དམངས་སྲིད་སྡེ་ཁག་གིས་ཐོག་བརྩེགས་ཁང་ཆེན་གྱི་མཛེས་ལྗོངས་ཁུལ་དུ་གནའ་བོའི་ཐོག་ཁང་གི་གཉེན་སྒྲིག་ཐོ་འགོད་ལྟེ་གནས་བཙུགས་པ་ནས་བཟུང་། མི1000ལྷག་ཙམ་གྱིས་དེ་གར་གཉེན་སྒྲིག་དཔང་ཡིག་བླངས་ཡོད།
“གཉེན་སྒྲིག་ཐོ་འགོད་དང་གཉེན་སྒྲིག་ལག་ཁྱེར་ལེན་རྒྱུ་ནི་ལས་སླ་མོ་ཞིག་ཡིན་མོད། འོན་ཀྱང་དོན་སྙིང་གལ་ཆེན་ལྡན་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་དོན་དངོས་ཁེ་ཕན་དང་འབྲེལ་ཡོད”ཅེས་གནའ་བོའི་ཐོག་ཁང་གཉེན་སྒྲིག་ཐོ་འགོད་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་ཧའེ་ཁྲའོ་ཡིས་དེ་ལྟར་བཤད་ཅིང་། ཁོས་ལས་རོགས་ཚོ་དང་མཉམ་དུ་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་རིམ་སྤོར་ལ་མུ་མཐུད་དུ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཉེན་སྒྲིག་གོམས་སྲོལ་བཅོས་སྒྱུར་གྱི་དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱས་ཏེ། ཕྱོགས་མང་པོའི་ཐད་འབད་པ་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོས་སྤྱི་ཚོགས་བྱ་བའི་ཐད་སྤྲོ་སྐྱིད་ལྡན་པའི་རྣམ་པ་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཟེར།
དམངས་སྲིད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ལས་ཕྱོད་ཆེ་བའི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དམིགས་འབེན་ཇེ་བརྟན་དུ་གཏོང་དགོས།
རང་རྒྱལ་དུ་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ས་ཡ་གཉིས་དང་འབུམ་བདུན་ཙམ་ཡོད་པ་དེ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་པའི་ནུས་པ་གལ་ཆེན་ཞིག་རེད། ཁྲིན་ཏུའུ་གྲོང་ཁྱེར་ཐན་ཧྥུའུ་ཁུལ་གསར་གྱི་ཡུས་ལུའུ་ཐུང་ཞིན་སྡེ་ཁུལ་གྱི་སློབ་གསོ་སྐུལ་སྤེལ་ལྟེ་གནས་ནི་དེའི་གྲས་ཤིག་རེད།
ལྟེ་གནས་ཀྱི་འགན་འཁུར་བ་ཝང་ཁྲུན་རུང་གིས་བཤད་རྒྱུར།“སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་ལྟ་རིན་ཆེན་པོ་མེད་ཀྱང་བྱ་བ་མི་ཉུང་བ་ཞིག་སྒྲུབ་དགོས།” ཁོངས་མིའི་སྣེ་ཁྲིད་དེ་སྡེ་ཁུལ་གྱི་སློབ་གསོར་གཞི་ཚུགས་ནས་གཉེན་ཉེ་རོགས་བྱེད་པ་དང་། འཚོ་བའི་ལྟ་རྟོག སེམས་ཁམས་གསེད་བཀྲོལ་སོགས་བརྗོད་དོན་གཙོ་བོར་དམིགས་ནས་བྱ་འགུལ་གྱི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྡོད་དམངས་སྔར་ལས་མང་པོ་སྡེ་ཁུལ་གྱི་བྱ་བའི་ཁྲོད་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དགོངས་གཏོང་ཟད་དུ་གཏོང་མི་རུང་ཟེར།
ཤ་བོ་རིན་མཚོས་བསྒྱུར།