ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་ནས་བུ་བཙའི་མཛའ་བརྩེའི་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ》པར་འགྲེམ་བྱས།
《བྱ་ཐབས་འགའི》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། མི་གྲངས་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་། འཕྲོད་བསྟུན། སྣེ་ཁྲིད་བཅས་བྱེད་པ་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་ཀྱི་མ་ལག་དང་སྐུལ་ལྕག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་གྲངས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། བུ་བཙའ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་རྩ་ནུས་ལྡན་སྒོས་ཇེ་དམའ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་བུ་བཙའ་ལ་བརྩི་འཇོག་དང་བུ་བཙའི་སྣང་ཚུལ་བཟང་བོར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བསྐྲུན་ནས། བུ་བཙའི་ཆུ་ཚད་འོས་འཚམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
《བྱ་ཐབས་འགའ》ལ་ཕྱོགས་བཞིའི་ཐད་ནས་བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་དེ།
གཅིག་ནི་བུ་བཙའི་ཞབས་ཞུའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། བུ་བཙའི་འགན་བཅོལ་ཉེན་ཚབ་ནུས་པ་ཆེ་རུ་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་ཚབ་ནང་ཞུགས་པའི་སྟབས་བསྟུན་ལས་ཞུགས་མི་སྣ་དང་ཞིང་པ་ཞོར་ལས་པ། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་བུ་བཙའི་ཉེན་ཚབ་ནང་འཇུག་པར་ཁྲིད་སྟོན་བྱེད་དགོས། བུ་བཙའི་གུང་གསེང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བུ་བཙའི་གུང་གསེང་དང་། བུ་བཙའི་བྱ་དགའི་གུང་གསེང་། བུ་བཙའི་སྐབས་ཀྱི་འདུག་རོགས་ངལ་གསོ། བུ་གཉོར་གུང་གསེང་སོགས་བུ་བཙའི་གུང་གསེང་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱ་དགོས། བུ་བཙའི་ཁ་གསབ་ལམ་ལུགས་འཛུགས་པ་དང་། ས་གནས་ཀྱིས་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་པར་ཁྲིད་སྟོན་བྱས་ནས་དོན་འཁྱོལ་ཧུར་ཐག་དང་བརྟན་པོའི་ངང་ནས་དམ་འཛིན་ལེགས་པོ་བྱ་དགོས། སྐྱེ་འཕེལ་བདེ་ཐང་གི་ཞབས་ཞུར་ཤུགས་བསྣན་ནས། ས་གནས་སོ་སོར་འཚམ་པའི་བཙའ་ཟུག་གཅོག་པ་དང་སྐྱེ་འཕེལ་རམ་འདེགས་ལག་རྩལ་གྱི་ལས་གཞི་དེ་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད།
གཉིས་ནི་བུ་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བྱིས་པའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། ཆ་རྐྱེན་དང་འཚམ་པའི་བྱིས་པའི་སྨན་སྤྱོད་པ་དེ་གོ་རིམ་ལྟར་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་དུས་ཐོག་ཏུ་འཇུག་དགོས། ཀུན་ཕན་དང་བྱིས་སྐྱོང་ཞབས་ཞུའི་འདོན་སྤྲོད་ཇེ་མང་དུ་གཏོང་བ་དང་། སྔོན་ལ་བྱིས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཚང་མར་ཁེབས་པ་མངོན་འགྱུར་བྱེད་དགོས་ལ། སྡེ་ཁུལ་གྱི་ནང་འགུག་ཅན་གྱི་བྱིས་སྐྱོང་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། མི་བཀོལ་ལས་ཁུངས་ཀྱི་བྱིས་སྐྱོང་ཁང་འཛུགས་པ་དང་ཁྱིམ་ཚང་གི་བྱིས་སྐྱོང་ཁང་སོགས་ཀྱི་རྣམ་པ་སྣ་མང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་བྱིས་སྐྱོང་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། ཀུན་ཕན་བྱིས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀུན་ཕན་བྱིས་སྐྱོང་གི་ལས་ཁུངས་ལ་ཁ་གསབ་འོས་འཚམ་སྟེར་རྒྱུར་སྐུལ་མ་གཏོང་དགོས། བྱིས་པ་འཕེལ་རྒྱས་དང་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས།
གསུམ་ནི་སློབ་གསོ་དང་སྡོད་ཁང་། ལས་ཞུགས་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་ལ་ཤུགས་སྣོན་དགོས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གིས་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་དང་སྤྱི་ཚོགས་ལག་ལེན་ལས་གཞི་ཧུར་ཐག་གིས་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ། ས་གནས་སོ་སོས་བྱིས་པ་མང་པོ་ཡོད་མཁན་གྱིས་སློབ་གྲྭ་གཅིག་ནང་སློབ་སྦྱོང་བྱེད་པའི་ཞིབ་ཕྲའི་ལག་བསྟར་བྱ་ཐབས་འདོན་རྒྱུར་སྐུལ་མ་གཏོང་དགོས། སྡོད་ཁང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་བྱིས་པ་མང་བའི་ཁྱིམ་ཚང་གིས་ཁང་པ་ཉོ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་དགོས། ལས་བཟོ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་བཀོལ་སྡེ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྟབས་བསྟུན་གྱིས་བྱ་བ་སྒྲུབ་པ་དང་ལས་གྲོལ་བྱེད་པ། ཁྱིམ་དུ་གཞུང་ལས་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྤྱོད་པར་སྐུལ་མ་བྱས་ཏེ་ཁྱིམ་ཚང་མཛའ་མཐུན་ཅན་གྱི་བྱ་བའི་ཁོར་ཡུག་བསྐྲུན་དགོས།
བཞི་ནི་བུ་བཙའི་མཛའ་མཐུན་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས། གཉེན་སྒྲིག་བུ་བཙའི་རིག་གནས་གསར་པ་ཧུར་ཐག་གིས་སྐྲུན་ནས། ཧུར་ཐག་གིས་གཉེན་སྒྲིག་ལྟ་བ་དང་བུ་བཙའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས། སྤྱི་ཚོགས་ཀྱི་དྲིལ་བསྒྲགས་དང་དར་སྤེལ་གཏོང་རྒྱུར་ཤུགས་བསྣན་ཏེ། མི་གྲངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱ་སྤྱོད་སྤེལ་དགོས། མི་གྲངས་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཇུས་སློབ་གསོར་ཤུགས་བསྣན་ཏེ། འབྲེལ་ཡོད་ནང་དོན་སློབ་གྲྭ་ཆུང་འབྲིང་དང་། དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་གསོའི་ཁྲོད་འདྲེས་པར་བྱ་དགོས།
《བྱ་ཐབས་འགའི》ནང་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དངོས་གནས་ཆབ་སྲིད་ཀྱི་ལང་གནས་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་མི་གྲངས་བྱ་བ་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཞིབ་ཕྲའི་བྱ་ཐབས་ཏན་ཏིག་དང་ཇེ་ལེགས་སུ་གཏོང་བ། སྲིད་གཞུང་དང་མི་བཀོལ་ལས་ཁུངས། མི་སྒེར་སོགས་ཕྱོགས་མང་གི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། བུ་བཙའི་རྒྱབ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དང་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཤ་བོ་རིན་མཚོས་བསྒྱུར།