ཟླ10བའི་ཚེས29ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲི་བྱེད་དུ་ཡོང་བའི་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནས་སི་ཐུའུ་པུའུ་ལ་དགའ་བསུའི་མཛད་སྒོ་བསྡུས་པ་རེད།
ཟླ10བའི་ཚེས29ཉིན་གྱི་ཕྱི་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཧྥིན་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་ནུབ་ཕྱོགས་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ།ཀྲུང་གོ་དང་སྲིད་གཞུང་བར་ཚོང་དོན་གྲོས་ཆོད་འཇོག་མཁན་ནུབ་ཕྱོགས་རྒྱལ་ཁབ་དང་པོ་འང་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཚུན་དུ།ཀྲུང་ཧྥིན་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་མཉམ་གནས་དང་ཕན་ཚུན་བརྩི་འཇོགཕན་ཚུན་ཡིད་ཆེས་བཅས་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་ལོ་རྒྱུས་དང་རིག་གནས།ལམ་ལུགས་བཅས་ཀྱི་ཁྱད་པར་ལས་བརྒལ་ནས་འདྲ་མཉམ་འགྲོ་འོང་གི་མིག་དཔེ་བཏོད་ཡོད། ད་ལྟ་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བ་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱབ་ལྗོངས་དེའི་འོག་ཀྲུང་གོ་དང་ཧྥིན་ལན་གྱི་མ་འོངས་པར་ཕྱོགས་པའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་པ་དེར་དམིགས་བསལ་གྱི་རིན་ཐང་དེ་ལས་ལྡན་པས་གཅེས་སྤྲས་དང་དར་རྒྱས་གོང་འཕེལ་གཏོང་རིན་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་མཛའ་བརྩེའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ།ཀྲུང་ཧྥིན་གྱི་མ་འོངས་པར་ཕྱོགས་པའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་པར་སྔར་ལས་སྐུལ་འདེད་གཏོང་བ་དང་།རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཀྲུང་ཧྥིན་གྱི་འབྲེལ་བ་ཡུན་རིང་དང་སྐྱོན་བྲལ།བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེ་ཤོས་ནི་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱས་པས་ཡིན། ཀྲུང་ཧྥིན་བར་དངོས་གཉེར་མཉམ་ལས་བྱེད་སྔ་བ་དང་གྲུབ་འབྲས་མང་ལ་སྦས་ཤུགས་ཆེ་བ་བཅས་ཡོད། ཉེ་སྔོན་ཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་དེ་མིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་བསྩལ་ཡོད། ཧྥིན་ལན་ཕྱོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་ཏེ་ལྗང་མདོག་ཚུལ་སྒྱུར་དང་ཆ་འཕྲིན་ལག་རྩལ།གཞི་གྲངས་དཔལ་འབྱོར།མིའི་ཐབས་རིག་ནུས།ནུས་རྒྱུ་གསར་པ་སོགས་གསར་དར་ཐོན་ལས་མཉམ་ལས་རྒྱ་ཆེར་བཏང་ནས།དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་སྔར་ལས་རྒྱ་ཆེ་རུ་གཏོང་འདོད་ཡོད་ལ་ཧྥིན་ལན་དེ་ཉིད་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུའི་གཏན་འབེབས་བྱས་ཏེ།ཧྥིན་ལན་གྱི་གྲོགས་པོ་དེ་བས་མང་པོ་ཞིག་ཀྲུང་གོར་ཚོང་གཉེར་དང་ཡུལ་སྐོར།སློབ་སྦྱོང་བཅས་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན།ཀྲུང་ཧྥིན་རྒྱལ་ཁབ་གཉིས་ཀ་ཞི་བདེ་ལ་དགའ་པོ་ཡོད་པ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་དར་སྤེལ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ།གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་དང་།མིའི་ཐབས་རིག་ནུས་བཅོས་སྐྱོང་སོགས་ཀྱི་གནད་དོན་ཐད་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ།འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད།སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས་ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས།ཀྲུང་གོ་དང་ཧྥིན་ལན་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ཕན་ཚུན་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས།
སི་ཐུའུ་པུའུ་ཡིས་བསྟན་དོན། ངས་ཙུང་ཐུང་གི་འགན་འཁུར་ནས་ཡུན་རིང་མ་འགོར་བར་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་།དུས་ཡུན་ལོ14སོང་རྗེས་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱེད་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། དུས་དེ་ནས་བཟུང་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཀྲུང་གོར་མི་རྣམས་ཧ་ལས་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ74སོང་བའི་རིང་ལ་ཧྥིན་ལན་དང་ཀྲུང་གོའི་བར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ།འདྲ་མཉམ་ངང་གྲོས་མོལ་བཅས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་།མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།ཀྲུང་གོ་ཕྱོགས་དང་མཉམ་དུ་སང་ལོར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཡག་པོ་ཞུ་རྒྱུ་དང་།མཐོ་རིམ་བར་འགྲོ་འོང་དམ་ཟབ་བྱེད་པ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་རྒྱ་ཆེར་གཏོང་བ།དཔལ་འབྱོར་ཚོང་དོན་དང་ལྗང་མདོག་ནུས་རྒྱུ།རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ཐག་གཅོད་བྱ་ཆེད་བཏོན་པའི་གྲོས་གཞི་གལ་ཆེན་གྱི་འདུ་ཤེས་ལ་བསྔགས་བརྗོད་བྱ་རྒྱུ་དང་།རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱི་ཤུགས་རྐྱེན་གལ་ཆེན་དང་དེའི་བརྟན་ལྷིང་རང་བཞིན་དང་དགེ་མཚན་ལྡན་པའི་ནུས་པར་མཐོང་ཆེན་བྱ་རྒྱུ།ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་ཡོད་པས“འབྲེལ་ཐག་ཆད་པ”དང“འཇམ་འཐབ་གསར་པ”དེ་ཕྱོགས་གང་རུང་གི་ཁེ་ཕན་དང་མཐུན་གྱི་མེད། ཧྥིན་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་།ཧྥིན་ལན་སོགས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་ཉམས་ཉེན་ཞི་བས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་པའི་ཚུལ་བསྟན།
གྲོས་མོལ་གྱི་རྗེས་སུ།རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་སློབ་གསོ་དང་ཆུ་བེད།ཁོར་ཡུག་སྲུང་སྐྱོབ།འཁོར་རྒྱུག་དཔལ་འབྱོར།ཞིང་ལས་བཟའ་བཅའི་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་མིང་རྟགས་བཀོད།
ཕྱོགས་གཉིས་ཀྱིས《ཀྲུང་ཧྥིན་གྱི་མ་འོངས་པར་ཕྱོགས་པའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་བྱ་བའི་འཆར་གཞི(2025-2029)》སྤེལ།
ཟླ10བའི་ཚེས29ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲི་བྱེད་དུ་ཡོང་བའི་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནས་སི་ཐུའུ་པུའུ་ལ་དགའ་བསུའི་མཛད་སྒོ་བསྡུས་པ་རེད།
གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་དང་ཁོང་གི་སྐུ་ཟླ་ཕུན་ལེ་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་སི་ཐུའུ་པུའུ་དང་ཁོང་གི་ལྕམ་མོ་སུའུ་ཧྲན་ན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་ཞུ་བའི་མེ་སྒྱོགས21བརྒྱབ་པ་དང་གུས་དམག་གིས་རུ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སི་ཐུའུ་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད་ཁག་བགོས་མཛད་སྒོར་ཡང་གཟིགས་ཞིབ་གནང་།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཁོང་གི་ལྕམ་མོ་ཕུན་ལེ་ཡོན་གཉིས་ཀྱིས་ མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སི་ཐུའུ་པུའུ་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱིས་གོང་གསལ་གྱི་བྱེད་སྒོར་ཞུགས།
གཡང་འབུམ་རྒྱལ་གྱིས་བསྒྱུར།