ཞི་ཅིན་ཕིང་གིས་ཙན་པི་ཡའི་ཙུང་ཐུང་ཞིས་ཆི་ལའེ་མ་དང་ཀྲུང་ཙན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ10བའི་ཚེས29ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙན་པི་ཡའི་ཙུང་ཐུང་ཞིས་ཆི་ལའེ་མ་རྣམ་གཉིས་ཀྱིས་ཕན་ཚུན་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ60འགོར་བའི་རིང་ལ་ཀྲུང་ཙན་བར་གྱི་འབྲེལ་བ་དེས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ནས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་བརྩེ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་འགྲོ་འོང་བྱེད་ཐེངས་མང་བ་དང་།ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་ཇེ་ཟབ་ཏུ་ཕྱིན་པ།དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས།རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ནུས་ལྡན་བསྐྲུན་ཡོད། ད་ལོའི་ཟླ9པར་ཙུང་ཐུང་ཞིས་ཆི་ལའེ་མ་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་དང་།ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ངས་ཀྲུང་ཙན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད།སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ60འཁོར་བ་གོ་སྐབས་སུ་བྱས་ཏེ།སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པ།ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ལག་གདང་སྦྲེལ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ།ཀྲུང་ཙན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ།ཀྲུང་ཙན་བར་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།

ཞིས་ཆི་ལའེ་མ་ཡིས་བསྟན་དོན།ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ60འཁོར་བ་ནི་ཙན་པི་ཡ་དང་ཀྲུང་གོའི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན།ཐུན་མོང་དར་རྒྱས་བཅས་ཀྱི་རྨང་གཞིའི་སྟེང་བཙུགས་པའི་གྲོགས་པོའི་འབྲེལ་བ་ཞིག་ཡིན་པས།རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་འབུལ་དགོས། ཐན་ཙན་ལྕགས་ལམ་དང་ཞ་ཁའེ་ཧྥུའུ་གྲོག་རོང་ཆུ་ཤུགས་གློག་འདོན་ས་ཚིགས་སོགས་མཉམ་ལས་ལས་གཞི་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཙན་པི་ཡ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས།ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱས་ནས།ཙན་ཀྲུང་བར་གྱི་འགྱུར་མེད་མཛའ་བརྩེ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།