ལིས་ཞི་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས།
2024.10.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཞི་ཉེ་ཆར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བསམ་བློ་རིག་གནས་དང་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་སྐོར་ཞིབ་དང་དྲིལ་བསྒྲགས་བྱ་རྒྱུའི་བཀོད་སྒྲིག་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་ལ། “གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་དང་མཐའ་གཅིག་ཏུ་“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གལ་ཆེའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱོད་ལམ་གསར་པའི་སྐོར་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས།

 ལིས་ཞི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་ རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་དགོངས་དོན་གལ་ཆེན། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། དོན་སྙིང་ཁོང་དུ་ཆུད་པ་དང་། ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ། ཞིབ་བསྡུར་ལྟ་སྐུལ་ཞིབ་བཤེར་བྱེད་པ། སྐོར་ཞིབ་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་བཅས་བྱེད་དགོས།

ལིས་ཞི་ཡིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བ་ཏན་ཏིག་དང་བརྟན་པོ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཡག་པོར་བསྒྲུབས་ཏེ།    དྲིལ་བསྒྲགས་བསམ་བློ་རིག་གནས་དང་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་འགན་ནུས་འགན་འཁྲི་ལག་བསྟར་དང་། བཅོས་སྒྱུར་བཀོད་སྒྲིག་གལ་ཆེན་དོན་འཁྱོལ། ཉེན་ཁ་ཚབས་ཆེན་དོགས་ཟོན་དང་འདུམ་གཅོད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་འབུར་ཐོན་གནད་དོན་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མྱུར་དུ་བྱ་སྤྱོད་སྤེལ་བ་དང་བཅོས་སྒྲིག་བྱེད་པ། སྐོར་ཞིབ་བྱེད་པའི་ཞོར་དུ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་གྱི་མཉམ་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་དང་སྤྱོད་ཚུལ་གཟབ་ནན་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ངང་སྐོར་ཞིབ་ལས་འགན་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས། 

ལིས་ཀན་ཅེ་ཡིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ཚན་གཙོའི་གོ་གནས་འཁུར་དབང་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཅིན་གོ་ཡིས་ཚོགས་འདུར་འགོ་འཛིན་གནང་།

ཤ་བོ་གསེར་མཚོས་བསྒྱུར།