དུས་རབས་གསར་བའི་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ཆོས་ལུགས་དོ་དམ་གླེང་སྟེགས་དང་དོ་དམ་བྱ་བའི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་སྐབས་གསུམ་པ་བསྡུས།
2024.10.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ10པའི་ཚེས29ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་དུས་རབས་གསར་བའི་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ཆོས་ལུགས་དོ་དམ་གླེང་སྟེགས་དང་དོ་དམ་བྱ་བའི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་སྐབས་གསུམ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཐེངས་འདིའི་གྲོས་ཚོགས་ཀྱི་དུས་ཡུན་ཉིན་གཉིས་ཡིན་ལ། བརྗོད་དོན་གཏམ་བཤད་དང་བགྲོ་གླེང་བརྗེ་རེས། ཡུལ་དངོས་ལྟ་སྦྱོང་བཅས་ཟུང་འབྲེལ་རྣམ་པས་གྲོས་ཚོགས་བསྡུས་པ་རེད། བོད་འབྲེལ་ས་ཁུལ་གྱི་ཞིང་ཆེན་དང་ལྗོངས་ལྔའི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཉམས་མྱོང་བརྗེ་རེས་བྱས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སོགས་ཞིང་ཆེན་ཕྱི་ནང་གི་བོད་འབྲེལ་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་ལས་མཁས་པ་སུམ་ཅུ་གྲོས་ཚོགས་ལ་ཞུགས་ནས་བརྗེ་རེས་བགྲོ་གླེང་བྱས་ཤིང་། རིག་གཞུང་དཔྱད་རྩོམ་དང་ཞིབ་འཇུག་སྙན་ཞུ་ཉེར་གཉིས་དང་། བྱ་བའི་ཉམས་མྱོང་བརྗེ་རེས་ཡིག་ཆ་བཅུ་དྲུག་གྲུབ་ཡོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆོས་ལུགས་དོ་དམ་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གཙོ་བོ་ཡིན་ལ། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཉེན་ཁ་འགོག་ཟོན་བྱེད་པ། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དགོས་ངེས་བླང་བྱ་ཡིན། བསམ་བློ་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པར་ཁྲིད་སྟོན་བྱེད་དགོས། འཕེལ་ཕྱོགས་དམ་འཛིན་ཡང་དག་བྱེད་པ་དང་། གཞི་རིམ་ཆོས་ལུགས་དོ་དམ་བྱ་བའི་གཙོ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་རྟོགས་པར་བྱས་ནས། དོ་དམ་ལ་ཤུགས་སྣོན་པ་དང་ཚད་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། ལག་ལེན་གསར་གཏོད་གཙོ་གནད་དུ་བཟུང་ནས།  ལོ་རྒྱུས་ལ་གོང་བཀུར་དང་གནད་དོན་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས། ནུས་ཤུགས་ཡོད་རྒུས་གཞི་རིམ་ཆོས་ལུགས་ལས་དོན་དོ་དམ་དེ་གནད་འཁེལ་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལྟེ་བ་གཅིག་དང་ཕྱོགས་མང་པོ་མཉམ་དུ་བཅོས་སྐྱོང་བྱེད་པའི་བཅོས་སྐྱོང་རྣམ་པ་སྔར་ལས་འཐུས་ཚང་བཏང་སྟེ། ཕྱོགས་ཡོངས་ནས་གཞི་རིམ་ཆོས་ལུགས་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྐབས། ཚོགས་ཞུགས་མི་སྣ་དག་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རྒྱ་མཁར་སྲང་ལམ་དང་།ཐོ་ཀྱཱ་གྲོང་རྡལ་ཁྱུང་བོ་སྡེ་བའི་གསེར་ཁང་། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་རྐ་ཕུག་ཨ་མྱེས་ཨར་ལང་སོགས་དམངས་ཁྲོད་ཆོས་ལུགས་སྤེལ་ཡུལ་ལ་སོང་ནས་ལྟ་སྦྱོང་བྱས།

ལྷ་མོ་འཚོས་བསྒྱུར།