​ཧན་ཀྲིན་གྱིས་སོ་སོར་ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིས་དང་། སྐབས79པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལི་མིན་གཉིས་ལ་མཇལ་འཕྲད་གནང་།
2024.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས31ཉིན་སོ་སོར་ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིས་དང་། སྐབས79པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལི་མིན་གཉིས་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས31ཉིན་པེ་ཅིང་དུ་ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏིས་ལ་མཇལ་འཕྲད་གནང་།

མུའུ་ཏིས་དང་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཞི་ཆི་ལའེ་མའི་འཐབ་ཇུས་མཛུབ་ཁྲིད་འོག་ཀྲུང་ཙན་བར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་ངེས་པ་དོན་གྱི་གྲུབ་འབྲས་ཐོབ་ཡོད། ཁེ་ཉིན་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་ཙན་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། ཚོང་དོན་དངུལ་གཏོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཕན་ཚུན་རྒྱུས་མངའ་ལོན་པ་དང་ཕན་ཚུན་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས།  ཀྲུང་ཙན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

 མུའུ་ཏིས་ཀྱིས་བསྟན་དོན། ད་ལོ་ནི་ཙན་ཀྲུང་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཡོད། ཙན་པི་ཡ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཙན་པི་ཡ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཙན་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས31ཉིན་པེ་ཅིང་དུ་སྐབས79པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལི་མིན་ལ་མཇལ་འཕྲད་གནང་།

ཧྥེ་ལི་མིན་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བྱ་གཞག་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་མཁན་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་རྒྱག་དགོས་པ་ལས་ཇེ་ཞན་དུ་གཏོང་མི་རུང་ཞེས་ནན་བཤད་ཐེངས་མང་གནང་ཡོད། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་རྒྱབ་སྐྱོར་བྱས་ནས་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་དང་། ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀུན་ཕན་དཀྱེལ་ཡངས་རྒྱུན་འཁྱོངས་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས། 

ཧྥེ་ལི་མིན་གྱིས་བསྟན་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་མཐོན་པོར་སྒྲེང་མཁན་རྒྱལ་ཁབ་ཆེན་པོ་གཙོ་བོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང2758ལ་བརྩི་སྲུང་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།