ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སི་ལོ་ཧྥ་ཁིའི་ཙུང་ལི་ཧྥེ་ཙའོ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སི་ལོ་ཧྥ་ཁིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། དུས་རབས་བཞི་ཆའི་གསུམ་གྱི་འཕེལ་རྒྱས་བརྒྱུད་དེ། ཀྲུང་གོ་དང་སི་ལོ་ཧྥ་ཁི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ང་ཚོས་ཀྲུང་གོ་དང་སི་ལོ་ཧྥ་ཁིའི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཐག་བཅད་པ་དེ་རྒྱལ་ཁབ་གཉིས་ཀྱི་མ་འོངས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་གསར་དུ་སྣོན་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཧྥ་ཁི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་སི་ལོ་ཧྥ་ཁིའི་འབྲེལ་བར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐྱོད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕྱོགས་བཞིའི་ཐད་ནས་ཀྲུང་གོ་དང་སི་ལོ་ཧྥ་ཁི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཆོག གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། མཐོ་རིམ་གྱི་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་དགོས། གཉིས་ནས་དངོས་སྒྲུབ་མཉམ་ལས་རྒྱ་ཆེ་རུ་གཏོང་དགོས། གསར་དུ་བཙུགས་པའི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་བེད་སྤྱོད་གང་ལེགས་བྱས་ཏེ། ནུས་ཁུངས་གསར་པ་དང་འགྲིམ་འགྲུལ་ཟོག་འགྲེམས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཆུའི་ཐོན་ཁུངས་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཀྱིས་སི་ལོ་ཧྥ་ཁི་ལ་མ་དངུལ་གཏོང་བར་སྐུལ་ལྕག་བྱ་རྒྱུ་ཡིན་ལ། སི་ལོ་ཧྥ་ཁིའི་ཁེ་ལས་ཀྲུང་གོར་ཡོང་ནས་ཁྲོམ་ར་གསར་འབྱེད་བྱ་རྒྱུར་དགའ་བསུ་ཞུ། གསུམ་ནས་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། སྲིད་ཏང་དང་ས་གནས། གཞོན་ནུ། རིག་མཛོད། སྨྱན་བྱད་བཅས་ཀྱི་ཐད་གླེང་མོལ་བརྗེ་རེས་བྱས་ནས། ཁུང་ཙི་སློབ་གླིང་སོགས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ་ཀྲུང་གོ་དང་སི་ལོ་ཧྥ་ཁིའི་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཧྥ་ཁིའི་སྤྱི་དམངས་ལ་རྒྱལ་ཁོངས་སུ་འཛུལ་ཆོག་ལ་ཉིན15ཡི་རིང་ཆོག་མཆན་འགོད་མི་དགོས་པའི་ཀྲུང་གོའི་ཐོབ་ཐང་སྤྲོད་རྒྱུའི་གཏན་འབེབས་བྱེད་རྒྱུ་ཡིན། བཞི་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས། འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་འཛམ་གླིང་གི་མདུན་དུ། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོངས་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བྱེད་པ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཛམ་གླིང་བཅོས་སྐྱོང་ལྟ་བ་ལག་བསྟར་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་དེ་འཐུས་ཚང་དང་བརྟན་པོ་ཡིན་པ་མཚོན་དགོས། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྲུང་གོ་དང་ཡོ་རོབ་ཀྱི་གྲོགས་པོའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོར་དགེ་མཚན་ལྡན་པ་དང་དངོས་སྒྲུབ་ཀྱི་སྲིད་ཇུས་སྤྱད་དེ། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་སྔོན་འགོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སི་ལོ་ཧྥ་ཁིའི་ཙུང་ལི་ཧྥེ་ཙའོ་ལ་མཇལ་འཕྲད་གནང་།
ཧྥེ་ཙའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོས་སི་ལོ་ཧྥ་ཁི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་སོ་སོས་རང་བརྟེན་གདམ་གའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད། ཐེངས་འདིར་ངས་ནང་བློན་ཁོངས་མི་གལ་ཆེན་དང་ཁེ་ལས་མཁས་ཅན་མང་པོ་ཚུད་པའི་འཐུས་ཚབ་ཚོགས་པ་ཆེན་པོ་ཞིག་ཁྲིད་དེ་ཀྲུང་གོར་འཚམས་འདྲིར་ཡོང་དོན་ནི། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་དགེ་མཚན་ལྡན་པའི་འདུན་པ་མཚོན་པར་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཧྥ་ཁིའི་སྤྱི་དམངས་ལ་ཉིན15ཡི་རིང་ཆོག་མཆན་འགོད་མི་དགོས་པའི་སྲིད་ཇུས་གནང་པར་ཐུགས་རྗེ་ཆེ་ཞུ། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་སི་ལོ་ཧྥ་ཁི་རུ་ཡོང་ནས་མ་དངུལ་བཏང་སྟེ་ནུས་ཁུངས་གསར་པ་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུར་དགའ་བསུ་ཞུ། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་བསྔགས་བརྗོད་བྱེད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་པ་མ་ཟད། ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཏང་བར་གྱི་བརྗེ་རེས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཡོ་རོབ་མནའ་འབྲེལ་གྱིས་གླེང་མོལ་དང་གྲོས་མོལ་གྱི་རྣམ་པ་བརྒྱུད་དེ་མི་མཐུན་ས་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་སྔ་ཕྱི་བར་གསུམ་གྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་དངོས་ཡོད་དང་རང་གཅུན། གཞུང་དྲང་བཅས་ཀྱི་རྣམ་འགྱུར་འཛིན་པར་བསྔགས་བརྗོད་གནང་པ་དང་། སི་ལོ་ཧྥ་ཁི་དང་བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་སྔར་ལས་མང་པོས་ཀྲུང་གོ་དང་མཉམ་དུ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུས། ཧྥེ་ཙའོ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐད་ལངས་ཕྱོགས་གཞུང་དྲང་དང་འཛུགས་སྐྲུན་རང་བཞིན་ལྡན། སི་ལོ་ཧྥ་ཁི་ཕྱོགས་ཝུའུ་ཁི་ལན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོའི”ཚན་ཆུང་ནང་ཞུགས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད་ཟེར།
མཇལ་འཕྲད་གནང་རྗེས། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ལོ་ཧྥ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།