ཟླ11ཚེས1ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སི་ལོ་ཧྥ་ཁི་ཡི་ཙུང་ལི་ཧྥེ་ཙོ་དང་གྲོས་མོལ་གནང་།
ཟླ11ཚེས1ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སི་ལོ་ཧྥ་ཁི་ཡི་ཙུང་ལི་ཧྥེ་ཙོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་དུ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧྥེ་ཙོ་ལ་དགའ་བསུའི་བྱེད་སྒོ་སྤེལ་བའི་རྣམ་པ་རེད།
ལིས་ཆང་གིས་བསྟན་དོན། སི་ལོ་ཧྥ་ཁི་ནི་ཆེས་ཐོག་མར་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། འབྲེལ་བ་བཙུགས་པའི་ལོ་ངོ75རིང་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་བརྟན་པོར་འཕེལ་རྒྱས་བྱུང་ཞིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་ཞིང་། མཛའ་འབྲེལ་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་གྲོས་མོལ་སྤེལ་ཏེ། ཀྲུང་གོ་དང་སི་ལོ་ཧྥ་ཁི་ཡི་འཐབ་ཇུས་འཆར་གཞི་སྔར་ལས་གཏིང་ཟབ་ཏུ་བཏང་ཡོད། ཀྲུང་གོས་སི་ལོ་ཧྥ་ཁི་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གཏོང་བ། འཐབ་ཇུས་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་ཤུགས་དྲག་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་དྲང་ནུས་མང་པོ་སྣོན་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་སི་ལོ་ཧྥ་ཁི་ཕྱོགས་དང་མཉམ་དུ་དུས་ནམ་ཡང་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་སྲུང་འཛིན་བྱེད་ཅིང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་བར་སྟོང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྐྱེན་སྲོལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡའི་ལས་རིམ་དང་། མཉམ་འབྲེལ་མཉམ་སྒུལ་གྱི་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་རྒྱ་སྔར་ལས་ཁྱབ་ཆེར་གཏོང་བ། གཞི་གྲངས་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཐོན་ལས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་གསོ་སྐྱོང་དང་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོས་སི་ལོ་ཧྥ་ཁི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་སོ་སོའི་རྒྱལ་ཁབ་ཏུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྔར་ལས་ལེགས་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་འདོད་ཡོད་ཅིང་། ཕྱོགས་གཉིས་ཀྱིས་ད་དུང་རིག་གནས་ཡུལ་སྐོར་དང་། ཚན་རྩལ། ལུས་རྩལ། སྨྱན་སྦྱོར། ན་གཞོན་སོགས་མི་ཆོས་བརྗེ་རེས་ཀྱི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་ནས། ཕན་ཚུན་བར་གྱི་རིག་གནས་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་བྱེད་ཚད་དང་མཛའ་བརྩེ་དྲོན་མོ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད།
ཧྥེ་ཙོ་ཡིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ། ཀྲུང་གོས་ཉེ་བའི་ལོ་ཤས་རིང་ཁྱད་དུ་འཕགས་པའི་འཕེལ་རྒྱས་གྲུབ་འབྲས་བླངས་ནས་འཛམ་གླིང་རྒྱལ་ཁབ་སོ་སོར་དཔེ་མཚོན་བསྐྲུན་ཡོད་པས། སི་ལོ་ཧྥ་ཁི་དང་ཀྲུང་གོའི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པ་ཞིག་རེད། སི་ལོ་ཧྥ་ཁི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བློ་རྩ་བརྟན་པོས་ལག་བསྟར་བྱེད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པར་འདོད། སི་ལོ་ཧྥ་ཁིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་མཉམ་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ། ཉོ་འཚོང་དང་དངུལ་གཏོང་། མཉམ་འབྲེལ་མཉམ་སྒུལ། ལྗང་མདོག་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མི་ཆོས་དང་ན་གཞོན་ཁྱབ་ཁོངས་ཀྱི་བརྗེ་རེས་ཁྱབ་ཆེར་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྤུས་འདེགས་རིམ་སྤོར་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད། སི་ལོ་ཧྥ་ཁིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལས་དཔྱ་ཁྲལ་འཕར་མ་བསྡུ་བར་ངོ་རྒོལ་བྱེད་ཅིང་། ཡོ་རོབ་དང་ཀྲུང་གོས་ཁ་བརྡ་གྲོས་མོལ་ལ་བརྟེན་ནས་འོས་འཚམ་གྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུའི་རེ་བ་བཅངས་ཡོད། སི་ལོ་ཧྥ་ཁིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་། གོ་ལ་ཧྲིལ་བོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་འགྲིམ་འགྲུལ་དང་། ཉོ་ཚོང་། རིག་གནས། ཡུལ་སྐོར། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་བདེན་དཔང་གནང་ནས་མིང་རྟགས་བཀོད།
གྲོས་མོལ་གྱི་སྔོན་དུ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧྥེ་ཙོ་ལ་དགའ་བསུ་ཞུ་བའི་བྱེད་སྒོ་སྤེལ།
ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།