སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
2024.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་སྤེལ་གང་ཐུབ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་བཅོས་སྒྱུར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ནས། སྔར་ལས་ལེགས་པའི་སྒོ་ནས་སེམས་ནུས་གཅིག་སྒྲིལ་སྒོས་བཅོས་སྒྱུར་བརྟན་གཏོང་དང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་པའི་ཐད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ཡོད་ཅིང་། དེ་ནི་ཏང་ཡོངས་ཀྱིས་ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ཁག་གནད་ཁེལ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ནང་དུ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ལག་ལེན་གྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་པ་དེ་ནི། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཆེས་བརྗིད་ཉམས་ཆེ་བའི་ལེའུ་ཞིག་ཡིན་ལ། དེས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པ་དང་།  “ངོ་མཚར་ཆེན་པོ་གཉིས”མུ་མཐུད་དུ་བསྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་ལ། སྐྱོད་ལམ་གསར་པའི་སྟེང་དུ་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུར་རྨང་གཞི་བརྟན་པོ་དང་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པར་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་བསྟན་པར་རག་ལས་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལའང་རག་ལས་ཡོད་པའི་ངོས་འཛིན་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདེན་སྲུང་གསར་གཏོད་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུར་ངེས་པར་དུ་སྟངས་འཛིན་ནན་མོ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་བ་དང་། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྤྱིའི་དམིགས་འབེན་གྱིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས”ཞེས་ནན་གྱིས་བསྟན།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་གྱིས་སྣེ་མང་རྙོག་འཛིང་ཆེ་བའི་གནས་ཚུལ་ལ་གདོང་གཏོད་སྐབས། ང་ཚོས་ཐོག་མཐའ་བར་གསུམ་དུ་རིག་པ་གསལ་བོ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོང་བར་བྱས་ཏེ། ཁ་ཕྱོགས་ཡང་དག་དང་གོམ་སྟབས་བརྟན་པོའི་ངང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་ནི་བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པར་བརྟེན། ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་མཐོང་ཆེན་བྱེད་རྒྱུ་དང་ཕྱོགས་སོ་སོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།  བཅོས་སྒྱུར་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཏོར་རྒྱུ་དང་འཛུགས་རྒྱུའི་རྩོད་སྒྲུབ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་དང་སྒོ་འབྱེད་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ནན་ཏན་ལེན་དགོས་ལ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྱུར་གྱི་ལས་འགན་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་ལེགས་པོ་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།