

ཟླ11ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧེ་རུ་ལས་རིགས་སློབ་གསོ་དང་རྩལ་ནུས་འཇོན་མི་གསོ་སྐྱོང་བྱ་བར་རྟོག་ཞིབ་གནང་། འདི་ནི་ལིས་ཆང་གིས་ཧྲང་ཧེ་ནན་ཧུའུ་ལས་རིགས་ལག་རྩལ་སློབ་གླིང་དུ་རྟོག་ཞིབ་གནང་སྐབས་རེད།
ཟླ11པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧེ་རུ་ལས་རིགས་སློབ་གསོ་དང་རྩལ་ནུས་འཇོན་མི་གསོ་སྐྱོང་བྱ་བར་རྟོག་ཞིབ་གནང་། ལིས་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བྱ་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་དང་འཚམ་བྱེད་པར་བྱེད་པ་དང་། ལས་རིགས་སློབ་གསོ་དང་རྩལ་ནུས་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་རྩལ་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། བྱང་ཚད་མཐོ་བའི་རྩལ་ནུས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པར་འབད་འབུངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བའི་ཐད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིས་ཆང་ཐོག་མར་ཧྲང་ཧེ་ནན་ཧུའུ་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་སྟེ། དངོས་སྦྱོང་རྟེན་གཞི་རུ་སློབ་མས་ཡུལ་དངོས་ལག་ལེན་བྱེད་པའི་རྣམ་པར་ཞིབ་གཟིགས་གནང་ཞིང་། སློབ་མའི་ལས་ཞུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། སློབ་གླིང་གི་ཆེད་ལས་འཛུགས་སྐྲུན་སོགས་ཀྱི་སྙན་ཞུར་ཉན། ལིས་ཆང་གིས་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་རྩལ་ནུས་འཇོན་མིའི་དགོས་མཁོ་སྔར་ལས་དགོས་གཏུག་ཏུ་གྱུར་ཡོད་ཅིང་། ལས་རིགས་སོ་སོ་ལག་ཤེས་བཟོ་རྩལ་དང་ཁ་འབྲལ་ཐབས་མེད། ཐོན་སློབ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱ་བ་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཀྱི་དགོས་མཁོ་དང་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་ནས་རིག་ཚན་ཆེད་ལས་བཀོད་སྒྲིག་རྣམ་པ་ལེགས་སྒྱུར་བྱེད་པ་དང་། རྩལ་ནུས་ལག་ལེན་སྦྱོར་བརྡར་ཤུགས་དྲག་ཏུ་གཏོང་བ། ལས་རིགས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ། འཇོན་མི་མཁོ་འདོན་གྱི་ཕན་ནུས་མཐོ་བའི་སྡེབ་སྒྲིག་ལ་སྐུལ་འདེད་གཏོང་དགོས། རྩལ་ནུས་སྔར་ལས་མཐོ་ཞིང་། སློབ་སྦྱོང་ཞིབ་འཇུག་ལ་དགའ་བའི་དགེ་རྒན་བཀོད་སྒྲིག་བྱས་ཏེ། སློབ་ཁྲིད་ཀྱི་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱས་ནས། སློབ་མར་རྩལ་ནུས་གཅིག་ཁོང་དུ་ཆུད་པར་བྱེད་པ་དང་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་དགོས་ལ། ཁྲོམ་རའི་འགྱུར་ལྡོག་དང་བསྟུན་པའི་ནུས་པ་མཐོ་རུ་གཏོང་དགོས། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་གི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་ཅིང་། ཚན་རྩལ་གྱི་མདུན་ལྗོངས་དང་རྒྱལ་སྤྱིའི་རྩེ་གྲར་དམིགས་ཏེ། གཞུང་ལུགས་ཀྱི་བྱང་ཚད་མཐོ་ཞིང་ལག་ལེན་གྱི་ནུས་པ་ལྡན་པའི་བློ་རྩལ་རྩེར་སོན་གྱི་རྩལ་ནུས་འཇོན་མི་སྔར་ལས་མང་བོ་གསོ་སྐྱོང་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བར་རོགས་འདེགས་བྱེད་དགོས་ཞེས་བསྟན་པ་དང་། རྒན་གསོ་དང་། བཅོལ་གཉོར། སྨན་བཅོས་ཁམས་གསོ་སོགས་ཀྱི་ཞབས་ཞུའི་དགོས་མཁོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྩལ་ནུས་འཇོན་མིའི་གསོ་སྦྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་བསྣན་ཏེ། ཆེད་ལས་ཅན་དང་ལས་རིགས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྔར་ལས་ལྷག་པར་མི་དམངས་མང་ཚོགས་ཀྱི་རྣམ་པ་སྣ་མང་དང་རིམ་པ་མང་བའི་དམངས་ཚིས་དགོས་མཁོ་སྐོང་དགོས་ཤིང་། ཕན་ནུས་ལྡན་པའི་སྒོ་ནས་ལས་ཞུགས་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཟླ11པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧེ་རུ་ལས་རིགས་སློབ་གསོ་དང་རྩལ་ནུས་འཇོན་མི་གསོ་སྐྱོང་བྱ་བར་རྟོག་ཞིབ་གནང་། འདི་ནི་ལིས་ཆང་གིས་འཛམ་གླིང་རྩལ་ནུས་དངོས་མང་བཤམས་སྟོན་ཁང་དུ་རྟོག་ཞིབ་གནང་སྐབས་རེད།
འཛམ་གླིང་རྩལ་ནུས་དངོས་མང་བཤམས་སྟོན་ཁང་དུ། ལིས་ཆང་གིས་དངོས་མང་བཤམས་སྟོན་ཁང་གི་འཁོར་སྐྱོད་དང་། རང་རྒྱལ་གྱིས་འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་སྤེལ་བའི་རེ་ཞུ་དང་བྱ་དགའ་ཐོབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། འགྲན་སྡུར་ལས་གསེར་གྱི་རྟགས་མ་ཐོབ་པའི་འགྲན་ཞུགས་པ་དང་གྲོས་མོལ་གནང་། ལིས་ཆང་གིས་གསུངས་རྒྱུར། ཁྱེད་ཚོས་འགྲན་སྡུར་ཆེན་མོའི་སྟེང་གྲུབ་འབྲས་མི་དམན་པ་བླངས་ཏེ། རང་རྒྱལ་གྱི་རྩལ་ནུས་འཇོན་མིའི་གཟི་མདངས་མངོན་པར་བྱས་ཡོད། ཁྱེད་ཚོའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་དང་དཔེ་སྟོན་གྱི་ནུས་པར་བརྟེན་ནས། མི་སྔར་ལས་མང་པོས་རྩལ་ནུས་སློབ་པ་དང་རྩལ་ནུས་ལེགས་པོར་སྦྱངས་བར་སྐུལ་ཁྲིད་བྱེད་པ་དང་། རྩལ་ནུས་འཇོན་མི་དང་རྩལ་ནུས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བགྲོད་ལམ་དུ་བསྐྱོད་དགོས་ཞེས་གསུངས་ཤིང་། ལིས་ཆང་གིས་རིམ་པ་སོ་སོའི་སྲིད་གཞུང་གིས་རྩལ་ནུས་འཇོན་མིར་སྔར་ལས་མཐོང་ཆེན་དང་སེམས་ཁུར་བྱས་ཏེ། རྒྱབ་སྐྱོབ་འགན་སྲུང་སྲིད་ཇུས་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། ལམ་ལུགས་གསར་གཏོད་དང་ལས་གཞོལ་ནུས་ཚད་ཆེ་རུ་གཏོང་དགོས། རྩལ་ནུས་འཇོན་མིའི་འཕེལ་རྒྱས་འཆར་གཞི་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། རྩལ་ནུས་འཇོན་མིའི་འཕེལ་རྒྱས་རྒྱུ་ལམ་རྒྱ་བསྐྱེད་པ་དང་། ལས་རིགས་ཐོབ་ཐང་དང་རྩལ་ནུས་རིམ་པ་སོགས་སྣ་མང་གི་དཔྱད་འཇོག་རྐྱེན་སྲོལ་ཆ་ཚང་དུ་གཏོང་དགོས་ལ། རྩལ་ནུས་འཇོན་མིའི་ཕོགས་དངུལ་ཇེ་མང་དུ་བཏང་ནས། རྩལ་ནུས་འཇོན་མིར་ལས་ཞུགས་ཀྱི་མདུན་ལྗོངས་ལེགས་པོ་ཞིག་ཡོད་པར་བྱེད་དགོས། ཁེ་ལས་ཀྱི་སྣེ་ཁྲིད་དེ་རྩལ་ནུས་འཇོན་མི་གསོ་སྐྱོང་དང་བཀོལ་སྤྱོད་བྱས་ནས། རྩལ་ནུས་མཐོན་པོ་ཅན་ལ་མང་ཐོབ་དང་ངལ་རྩོལ་མང་འདོན་མཁན་ལ་མང་ཐོབ་བྱེད་པ་དོན་ཐོག་ཏུ་འཁྱོལ་དགོས། རྩལ་ནུས་འཇོན་མིའི་གཟེངས་བསྟོད་སྐུལ་ལྕག་བྱ་བར་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་ཀྱིས་རྩལ་ནུས་འཇོན་མི་ཁས་ལེན་ཞིང་། ངལ་རྩོལ་ལ་བརྩི་འཇོག་དང་རྩལ་ནུས་མཐོ་རུ་བཀུར་བའི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ནན་བཤད་གནང་།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།