ཟླ11པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཟླ11པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ལིས་ཆང་གིས་བསྟན་དོན། རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་པ་ནི་ཀྲུང་གོས་སྒོ་འབྱེད་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ང་ཚོས་འཛམ་གླིང་ལ་ཁས་ལེན་ནན་མོ་བྱས་པ་ཞིག་ཀྱང་ཡིན། གལ་ཏེ་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་དང་པོ་དེ་ནི་ཀྲུང་གོས་འཛམ་གླིང་ལ་ཕྱོགས་རྐྱང་པའི་བཀོད་སྒྲིག་བྱེད་སྟངས་ཤིག་ཡིན་ཞེས་བརྗོད་ཚེ། དེའི་རྗེས་ཀྱི་སྐབས་རེ་རེ་ནི་ཀྲུང་གོ་དང་འཛམ་གླིང་ཕན་ཚུན་ལ་སྐྱོད་པའི་ཐུན་མོང་གི་ཁ་ཆད་ཅིག་ཡིན་པ་དང་། སྒོ་འབྱེད་མཉམ་ལས་ཐད་ཀྱི་ཚང་མའི་ཐུན་མོང་གི་བསམ་འདུན་མཚོན་ཡོད། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་ཆེ་རུ་འགྲོ་བཞིན་ཡོད་ལ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་སྒོས་ཆེ་རུ་འགྲོ་བཞིན་ཡོད། གནས་ཚུལ་འདི་འདྲའི་འོག་ཏུ་ང་ཚོས་སྔར་ལས་སྒོ་འབྱེད་རྒྱུན་འཁྱོངས་དང་། སྒོ་འབྱེད་རྒྱ་སྐྱེད། སྒོ་འབྱེད་རིམ་སྤོར་བཅས་བྱས་ཏེ། ཡུན་རིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
ལིས་ཆང་གིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་ཁ་དན་ཚིག་གནས་ལ་མཐོང་ཆེན་བྱེད་པའི་ཁྲོད་སྒོ་འབྱེད་ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་བྱེད་དགོས། ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པའི་ཁྲོད་སྒོ་འབྱེད་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་དགོས། ཀྲུང་གོས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་སྔར་ལས་སྒོ་འབྱེད་བྱས་ནས་ཀྲུང་གོའི་ཁྲོམ་ར་ཆེན་མོ་དེ་འཛམ་གླིང་གི་གོ་སྐབས་ཆེན་པོར་འགྱུར་བར་བྱེད་འདོད་ཡོད། གསུམ་ནི་ལས་སྐལ་གཅིག་མཐུན་རྒྱུན་འཁྱོངས་བྱེད་པའི་ཁྲོད་སྒོ་འབྱེད་འགན་འཁྲི་སྔར་ལས་ལེགས་པའི་སྒོ་ནས་འཁུར་དགོས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཁྲོད་མུ་མཐུད་དུ་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་ལག་གདང་སྦྲེལ་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་འདོད་ཡོད་ཅེས་གསུངས།
མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་དང་། ཝུའུ་ཙི་པའེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ། ཧ་སག་སི་ཐན་གྱི་ཙུང་ལི་པེ་ཁི་ཅེ་ནུའོ་ཧྥུའུ། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན། སེར་ཝེ་ཡའི་ཙུང་ལི་ཝུའུ་ཆི་ཝེ་ཆི་སོགས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝེ་ལཱ་དང་མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཕན་གྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འགོ་ཁྲིད་པ152དང་། སྲིད་ཚོང་དང་རིག་གནས་སྡེ་ཡི་འཐུས་མི1500ཙམ་འགོ་རྩོམ་མཛད་སྒོར་ཞུགས།
འགོ་རྩོམ་མཛད་སྒོ་མ་འཚོགས་གོང་ལིས་ཆང་གིས་ཁེ་ལས་འགྲེམས་སྟོན་ལ་གཟིགས། འགོ་རྩོམ་མཛད་སྒོ་མཇུག་བསྒྲིལ་རྗེས་ལིས་ཆང་གིས་ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་འགྲེམས་སྟོན་ཁང་དུ་གཟིགས་ཞིབ་གནང་།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་གཉིས་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།