རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ལི་ཝུའུ་ཆེ་ཝེ་ཆི་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ལི་ཝུའུ་ཆེ་ཝེ་ཆི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ཐུང་ཝུའུ་ཆེ་ཝེ་ཆི་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་་གྲོས་མོལ་གནང་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་དེ་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྐྱོད་ལམ་གསར་པར་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ“སེར་ཝེ་ཡའི2027ནས་མ་འོངས་པར་བསྐྱོད”ཅེས་པའི་འཆར་འགོད་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཝུའུ་ཆེ་ཝེ་ཆི་ཡིས་བསྟན་དོན། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་སེར་ཝེ་ཡ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་ཚད་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།