ཟླ11པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁའ་འབབ་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། འདི་ནི་ཁོང་གིས་མཁའ་འབབ་དམག་དཔུང་གི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བའི་ཚུལ་རེད།
ཟླ11པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཁའ་འབབ་དམག་དཔུང་ལ་གཟིགས་ཞིབ་གནང་བ་དང་། ཁོང་གིས་རང་དམག་གི་སྟོབས་ཤུགས་མ་ལག་དང་དམག་འཐབ་མ་ལག་ཁྲོད་མཁའ་འབབ་དམག་དཔུང་ལ་དམིགས་བསལ་གྱི་ནུས་པ་གལ་ཆེན་ལྡན་པས། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། མཁའ་དམག་ཚུལ་སྒྱུར་འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། དམག་སྦྱོང་དམག་འཐབ་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། མཁའ་འབབ་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཁའ་འབབ་དམག་དཔུང་སྟོབས་ལྡན་ཞིག་འབད་པས་བསྐྲུན་དགོས་པ་ནན་བཤད་གནང་།
ཕྱི་དྲོའི་དུས་ཚོད3སྟེང་དུ། ཞི་ཅིན་ཕིང་མཁའ་འབབ་དམག་དཔུང་ལས་ཁུངས་སུ་ཕེབས་ཏེ། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཁའ་འབབ་དམག་དཔུང་གི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་འདྲ་པར་བསྐྱོན།
དྲན་རྟེན་འདྲ་པར་བསྐྱོན་རྗེས། ཞི་ཅིན་ཕིང་གིས་མཁའ་འབབ་དམག་འཐབ་དང་འགན་ལེན་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་དང་། དཔེ་མཚོན་གོ་མཚོན་སྒྲིག་ཆས་ཀྱི་ལག་རྩལ་དང་འཐབ་རྩལ་ནུས་པར་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལའང་གསན། ལོ་འདི་དག་གི་རིང་ལ། མཁའ་འབབ་དམག་དཔུང་གི་གོ་མཚོན་སྒྲིག་ཆས་མ་ལག་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་ཤེས་རྗེས། ཁོང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས། ཁོང་གིས་དམག་འཐབ་ཀྱི་དགོས་མཁོའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱུ་དང་། མཁའ་འབབ་སྒྲིག་ཆས་ཚད་ལྡན་ཅན་དང་མ་ལག་ཅན། ཀུན་འཕྲོད་ཅན་བཅས་ཀྱི་འཛུགས་སྐྲུན་དང་དངོས་འཐབ་ཅན་གྱི་བེད་སྤྱོད་ལ་ཤུགས་སྣོན་པ། མཁའ་འབབ་སྒྲིག་ཆས་ཀྱི་མ་ལག་གསར་པ་འཛུགས་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
དེའི་རྗེས་སུ། ཞི་ཅིན་ཕིང་གིས་མཁའ་འབབ་དམག་དཔུང་གི་ལོ་རྒྱུས་ཁང་དུ་གཟིགས་སྐོར་མཛད། དམག་དཔུང་དེ་ནི་ལོ་རྒྱུས་རིང་ཞིང་བྱས་རྗེས་གཟེངས་སུ་ཐོན་པའི་དཔའ་བོའི་རུ་དཔུང་ཞིག་ཡིན་ཞིང་། གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་དམག་འཁྲུག་གི་ཉམས་སད་ཕྱོགས་ཡོངས་ནས་ཐེག་པ་དང་། མེ་འགོག་ཁྲའོ་རོགས་དམག་འཁྲུག་གི་ཧྲང་ཀན་ལིན་གཡུལ་འགྱེད་ཁྲོད་རྒྱལ་ཁབ་ཀྱི་ཟིལ་ཤུགས་དང་དམག་དཔུང་གི་ཟིལ་ཤུགས་སྒོ་ཀུན་ནས་མངོན་པར་བྱས་ལ། ཞི་བདེ་འཛུགས་སྐྲུན་གྱི་དུས་སྐབས་སུ་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་འགྲུབ་བྱས་པར་མ་ཟད། དཔའ་བོའི་ཐུན་མོང་དང་དཔའ་བོ་དཔེ་བཟང་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་བྱས་ཡོད། ཞི་ཅིན་ཕིང་གིས་འགྲེམས་སྟོན་ལ་ཞིབ་གཟིགས་གནང་བ་དང་འགྲེལ་བཤད་ལ་ནན་ཏན་ངང་གསན། ཁོང་གིས་ཚང་མར་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་བཀོལ་སྤྱོད་ཡག་པོ་བྱས་ཏེ། དཔོན་དམག་ལ་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ནས། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཡག་པོ་བཏང་སྟེ། དུས་རབས་གསར་པའི་དཔའ་བོའི་རྒྱུན་འཛིན་པ་བྱེད་དགོས་པའི་མངགས་བཅོལ་གནང་།
ཞི་ཅིན་ཕིང་གིས་མཁའ་འབབ་དམག་དཔུང་གི་ལས་དོན་སྙན་ཞུར་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཁའ་འབབ་དམག་དཔུང་འཛུགས་སྐྲུན་གྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་དམག་འཐབ་གྲ་སྒྲིག་གཡུལ་འགྱེད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དམག་དོན་འཐབ་རྩོད་གྲ་སྒྲིག་ལས་དོན་དམ་འཛིན་ནན་མོ་བྱེད་དགོས། དེང་རབས་དམག་འཁྲུག་གི་མཁའ་འབབ་སྟོབས་ཤུགས་བཀོལ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་གང་ལེགས་བྱེད་པ་དང་། མཁའ་འབབ་དམག་འཐབ་བསམ་ཕྱོགས་དང་འདུ་ཤེས་གསར་སྒྱུར་བྱེད་པ། དམག་འཐབ་བྱེད་སྟངས་དང་དམག་ཤུགས་སྤྱོད་སྟངས་གསར་གཏོད་བཅས་བྱས་ནས། མཁའ་འབབ་དམག་དཔུང་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་དགོས། རྨང་གཞིའི་སྦྱོང་བརྡར་དང་གཙོ་གནད་དང་དཀའ་གནད་ཆེ་བའི་སློབ་ཚན་གྱི་ཆེད་དོན་དམག་སྦྱོང་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། རྙོག་འཛིང་ཆེ་ཞིང་དཀའ་ངལ་ཆེ་ས་ནས་རྐང་ཚུགས་པར་བྱས་ཏེ། རྒྱུ་རྐྱེན་འཛོམས་པ་དང་མ་ལག་གྲུབ་པར་བྱེད་པ། དངོས་གཉེར་ཅན་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་པ། དམག་དཔུང་གཞན་དག་དང་མཉམ་དུ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། དམག་འཐབ་སྦྱོང་བརྡར་ཟུང་སྦྱོར་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་འབྲེལ་བཀོད་འདོམས་དང་མཉམ་འབྲེལ་འགུལ་སྐྱོད། མཉམ་འབྲེལ་འགན་ལེན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མ་ལག་འཛུགས་སྐྲུན་གྱི་བསམ་བློ་ལག་བསྟར་བྱས་ནས། མཁའ་འབབ་དམག་དཔུང་གི་དམག་འཐབ་སྟོབས་ཤུགས་འཛུགས་སྐྲུན་ལ་སྤྱི་འདོམས་དང་ཤུགས་སྣོན་རྒྱུ་དང་། འབྲེལ་ཐག་ཡོངས་ཀྱི་ཐོག་ནས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མ་ལག་ཅིག་རིམ་པར་གྲུབ་པར་བྱས་ནས་དམག་འཐབ་ཀྱི་ནུས་པ་ཆགས་པར་བྱེད་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་གྱི་ལག་ལེན་དང་འཚོལ་ཞིབ་ལ་ཤུགས་བསྣན་ནས། སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་སྤྱད་དེ་མཁའ་འབབ་དམག་དཔུང་འཛུགས་སྐྲུན་ལ་ནུས་པ་བསྩོལ་བ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ལ། འཐབ་ནུས་རིམ་པར་ཆགས་ཐབས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དམ་པོར་དམིགས་པ་དང་། མཁའ་འབབ་དམག་འཐབ་ཀྱི་སྲོག་ཤིང་ནུས་པ་དམ་འཛིན་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་བཀོད་ལས་འགན་ཚང་མ་དོན་འཁྱོལ་ཡག་པོ་བྱས་ནས། དུས་བཅད་ལྟར་སྔོན་ལ་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། མིག་སྔའི་གནས་སྟངས་ནས་རྐང་ཚུགས་པར་བྱེད་པ་དང་ཕུགས་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱས་ནས། མཁའ་འབབ་དམག་མིའི་དམག་དཔུང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། འཆར་འགོད་ཇུས་འགོད་བྱས་ནས་དམིགས་འབེན་དང་ལམ་རིས། ཨར་ལས་འཆར་གཞི་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཏན་ནན་མོ་བྱས་ཏེ། ཆབ་སྲིད་ལས་དོན་གྱི་ཟིལ་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། མཁའ་འབབ་དམག་མིའི་དམག་དཔུང་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་སྦྱོང་ཟབ་སྤེལ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་འཇོན་ཐང་ཆེ་བའི་སྲ་ཞིང་བརྟན་པའི་ཏང་རྩ་འཛུགས་བསྐྲུན་པ་བཅས་བྱས་ཏེ། དཔོན་དམག་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། དཔའ་བོའི་དམག་དཔུང་ཐོག་མཐའ་བར་གསུམ་དུ་དྭངས་གཙང་དང་གཟི་བརྗིད་ལྡན་པ་ཞིག་ཡོང་བར་འགན་ལེན་བྱེད་དགོས། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོ་རྒྱུན་འཁྱོངས་བྱས་ཏེ། དམག་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱུ་དང་། ལག་ལེན་དངོས་ཀྱི་ཁྲོད་ནས་སྦྱོང་བརྡར་ལ་ཤུགས་སྣོན་པ། མཁའ་འབབ་དམག་མིར་དམིགས་བསལ་དུ་ཡོད་པའི་བློ་བརྟན་གཞུང་དྲང་གི་རང་གཤིས་གསོ་སྐྱོང་བཅས་བྱེད་དགོས། ཁྲིམས་ལྟར་དམག་སྐྱོང་དང་དམག་སྐྱོང་ནན་མོ་བྱེད་པའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ནས། སློབ་གསོ་དང་དོ་དམ་ནན་མོ་བྱེད་རྒྱུ་དང་། དངོས་གཞིའི་སྒྲིག་ལམ་སྲུང་འཛིན་བྱས་ནས། དམག་དཔུང་གི་གཅིག་སྡུད་གཅིག་གྱུར་ཚད་མཐོན་པོ་དང་བདེ་འཇགས་བརྟན་བརླིང་ཡོང་བར་འགན་ལེན་ནན་མོ་བྱེད་དགོས། རིམ་པ་སོ་སོས་གཙོ་གནད་དམའ་སར་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོར་སྒྲུབ་པ་དང་། ལྷག་བསམ་ཟོལ་མེད་སྒོས་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། རྒྱ་ཆེའི་དཔོན་དམག་གི་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་འཕེལ་བར་བྱེད་པ་བཅས་ལ་རྩེ་གཅིག་ཏུ་གཞོལ་ནས། ཕྱར་བ་གྲུ་འདེགས་ངང་མཁའ་འབབ་དམག་དཔུང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཧི་ཝེ་ཏུང་སོགས་ཐེངས་འདིའི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།