ཚེས4ཉིན། ཀྲུང་གོ་དང་འཇར་མན་གྱི་རིམ་པ་མཐོ་བའི་བདེ་འཇགས་གྲོས་མོལ་ཐེངས་ལྔ་པ་ཞི་ཨན་དུ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཁྲིན་ཝུན་ཆིན་གྱིས་བསྟན་དོན། ད་ལོའི་ཟླ4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཧྲོ་ཨར་ཚི་ལ་མཇལ་འཕྲད་གནང་ནས་ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དེས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་འཇར་མན་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
ཁྲིན་ཝུན་ཆིན་གྱིས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་རིམ་པ་མཐོ་བའི་བདེ་འཇགས་གྲོས་མོལ་ཐེངས་བཞི་པའི་མཉམ་ལས་འདུ་ཤེས་དངོས་འབེབས་གང་ལེགས་བྱས་ནས། དངོས་གཉེར་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་ལ་བརྩི་སྲུང་དང་དེ་གཞིར་འཛིན་ཅིང་། འཇར་མན་ཕྱོགས་དང་ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་སྤེལ་ནས། ཡོངས་ཁྱབ་བདེ་འཇགས་ཀྱི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་ཧུར་ཐག་འཇོག་འདོད་ཡོད་ལ། རྐྱེན་སྲོལ་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་ཉེན་ཁ་སེལ་བར་དམིགས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོང་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཉམ་ལས་ཀྱི་ལས་གཞི་གཙོ་བོར་སྲུང་སྐྱོང་བྱ་འདོད་ཡོད།
འཇར་མན་ཙུང་ལི་བཞུགས་ཤག་གི་པུའུ་ཀྲང་ཧྲི་མཱིས་ཐི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
འགོ་རྩོམ་མཛད་སྒོའི་རྗེས་སུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱིན་པའེ་དང་འཇར་མན་ཙུང་ལི་བཞུགས་ཤག་གི་འབྲེལ་ཡོད་འགན་ཁུར་མི་སྣས་ཆེད་ལས་བརྗེ་རེས་བྱ་བར་མཉམ་དུ་འགོ་འཛིན་གནང་། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། ཆ་འཕྲིན་པུའུ། སྤྱི་བདེ་པུའུ། བདེ་འཇགས་པུའུ། མི་དམངས་དངུལ་ཁང་དང་འཇར་མན་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བྱ་བ་དང་། དྲ་རྒྱ་དང་དཔལ་འབྱོར། ས་ཁུལ་གྱི་གནད་དོན་ཚ་ཤས། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ལྡན་པའི་ཉེས་དོན་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་མོལ་གཏིང་ཟབ་བྱས་པར་མ་ཟད། ཐུན་མོང་གི་ངོས་འཛིན་བྱུང་ཞིང་གྲུབ་འབྲས་ཐོབ་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།