ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁི་ཝེ་ཨར་དང་གྲོས་མོལ་གནང་།
ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁི་ཝེ་ཨར་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། ཟླ5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ལི་ཨོ་ཨར་པན་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་བྱེད་ཐབས་སྲ་བརྟན་དུ་གཏོང་བ། འཐབ་ཇུས་འབྲེལ་འདྲིས་རོགས་ལས་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་ཀྱིས་དུས་ཡུན་རིང་པོར་བློ་བརྟན་འགྱུར་མེད་ངང་ཀྲུང་གོར་བཟུང་བའི་མཛའ་བརྩེའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་པར་བསྔགས་བརྗོད་ཚད་མཐོན་པོ་བྱེད་ཀྱིན་ཡོད། ཧང་ག་རི་ཕྱོགས་དང་ཁྱབ་ཁོངས་སོ་སོའི་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧང་ག་རིའི་མཛའ་བརྩེའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཧང་ག་རིའི“ཤར་ཕྱོགས་སྒོ་འབྱེད”འཐབ་ཇུས་ལ་སྦྲེལ་མཐུད་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་པ་དང་། ཧུར་ཐག་གིས་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་བསྐྲུན་རྒྱུར་སྐུལ་མ་བཏང་ནས། ཕྱོགས་ཡོངས་ནས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་དྲང་ནུས་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ཀྱི་བཟོད་སྒོམ་དྲན་ཐོ་དོན་འཁྱོལ་ཡག་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་བརྩེའི་ཚན་ཆུང་། དམངས་ཆེན་འཐུས་མི་དང་གྲོས་མི། ས་གནས་ཁྲིམས་འཛུགས་ལས་ཁུངས་བཅས་བར་གྱི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད། ཉོ་འཚོང་དངུལ་གཏོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་བརྟན་པོ་ཡིན་ལ་བློས་འགེལ་ཆོག་པའི་བཅའ་ཁྲིམས་ཀྱི་ཁོར་ཡུག་བསྐྲུན་དགོས།
ཁི་ཝེ་ཨར་གྱིས་བསྟན་དོན། ཧང་ག་རིའི་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་དང་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཉོ་འཚོང་དངུལ་གཏོང་དང་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་འཛུགས་སྐྲུན། མི་གཞུང་སོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཧང་ག་རིའི་རྒྱལ་ཚོགས་དང་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།
ཞའོ་ཅེ་གྲོས་མོལ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།