ཟླ11པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་ཐོག་མར་རྟེན་འབྲེལ་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། གནའ་གཞུང་ཤེས་རིག་ལ་སྐར་ཚོགས་ལྟ་བུའི་འོད་སྟོང་འཕྲོ་ཞིང་། དེས་རྒྱུན་ཆད་མེད་པར་རྗེས་རབས་པའི་བློ་སྒོ་འབྱེད་བཞིན་ཡོད། ལོ་ངོ་སྟོང་ཕྲག་འགའི་སྔོན་དུ། ཀྲུང་གོ་དང་ཞི་ལའི་དཔལ་ཡོན་ཆེན་པོ་གཉིས་ཨེ་ཤ་ཡ་དང་ཡོ་རོབ་སྐམ་སའི་སྟེང་ཕན་ཚུན་སྣོལ་འབྲེལ་གྱིས་གཟི་འོད་ཕྱོགས་ཀུན་ཁྱབ་ནས། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་ཐད་རྨང་གཞི་རང་བཞིན་གྱི་བྱས་རྗེས་བཞག་ཡོད། ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་ཀྱིས་འཛམ་གླིང་གནའ་གཞུང་རིག་པའི་ཆོགས་ཆེན་ཐོག་མ་མཉམ་དུ་བསྡུས་ཏེ། ཡཱ་ཏེན་དུ་ཀྲུང་གོའི་གནའ་གཞུང་ཤེས་རིག་ཞིབ་འཇུག་ཁང་བཙུགས་ནས། ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་གཉིས་དང་འཛམ་གླིང་རྒྱལ་ཁབ་སོ་སོར་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྟེགས་བུ་གསར་པ་ཞིག་བསྐྲུན་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོས་དཔལ་ཡོན་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་འབུངས་ཡར་བརྩོན་བྱས་ཏེ། རྒྱལ་སྤྱིའི་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་བོའི་ཤེས་རིག་བགྲོ་གླེང་ལ་སྐུལ་འདེད་གཏོང་བ། ཤེས་རིག་མི་འདྲ་བའི་ཁྲོད་དུ་བློ་གྲོས་འཚོལ་ཞིབ་དང་། ཉིང་བཅུད་བསྡུ་ལེན་བྱེད་པར་བརྩི་མཐོང་བྱེད་བཞིན་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱས་ཏེ། ལག་རྡང་སྦྲེལ་ནས་མིའི་རིགས་ཐུན་མོང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ཐག་གཅོད་བྱེད་པ་དང་། མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་ཡར་ཐོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཆེད་ལས་མཁས་པ་དག་གིས་གནའ་གཞུང་ཞིབ་འཇུག་གི་འོས་འགན་ཕྲག་ཏུ་ཁུར་ནས། ཤེས་རིག་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་ཐད་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས།
འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་ཉིན་དེར་པེ་ཅིང་དུ་འཚོགས་འགོ་བརྩམས་པ་དང་། གནའ་གཞུང་ཤེས་རིག་དང་དེང་རབས་འཛམ་གླིང་ཞེས་པ་བརྗོད་དོན་དུ་བཟུང་ཡོད་ལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། ཀྲུང་གོའི་སློབ་གསོ་པུའུ། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ། ཞི་ལ་རྒྱལ་ཁབ་ཀྱི་རིག་གནས་པུའུ་དང་། ཞི་ལའི་ཡཱ་ཏེན་ཚན་རིག་སློབ་གླིང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།