ཟླ11པའིཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཁུ་པ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་སཱོ་དང་ལྷན་དུ་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏིས་ཡ་སི-ཁཱ་ནེ་ཨར་གཉིས་ཀྱིས་མཇལ་འཕྲད་ཐེངས་མང་གནང་ནས། ཕན་ཚུན་བར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཚད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་དང་དབུལ་སེལ། འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམ་པོར་དམིགས་ཏེ། ཕན་ཚུན་བར་གྲོས་མོལ་དང་བསམ་བློ་བརྗེ་རེས་བྱེད་འདོད་ཡོད་པ་དང་། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཁུ་པའི་བར་གྱི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ངོ་སྤྲོད་གནང་། ཁོང་གིས་རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ། བྱ་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས་ཞེས་གསུངས།
ལཱ་སཱོ་ཡིས་ཀྲུའུ་ཞི་ཏིས་ཡ་སི-ཁཱ་ནེ་ཨར་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཁུ་པས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་ཏང་འཛུགས་སྐོར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་བསྟན།
ཝང་ཏུང་མིང་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།