ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུ་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེར་སོན་ཅན་གྱི་སློབ་ཆེན་དང་རིག་ཚན་ཁྱད་སྟོབས་ཅན་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། ཆེད་དོན་འདྲི་རྩད་ཀྱང་བྱས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས།
ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏཱ་ཧྥུན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཨུ་ཡོན་དབྱང་ཀོན་ལིན་དང་ལིས་ཝེ །ལིས་ཧུའེ་ཆུང་། ཞང་ཆའོ། ཀྲོའུ་ཡིའུ་ཡུང་། ཚུང་པིན་བཅས་དང་ཚོགས་འདུར་ཟུར་ཞུགས་བྱེད་མཁན་གྱི་བློ་མཐུན་ལིའུ་ཞིན་སོགས་ཀྱིས“རྩེར་སོན་གཉིས”སྔར་ལས་ཟབ་སྤེལ་གཏོང་བར་དམ་པོར་དམིགས་ཏེ། དགེ་རྒན་དཔུང་སྡེ་ཡི་དོ་དམ་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཆུ་ཚད་མཐོ་བའི་སློབ་གསོའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སློབ་གསོ་བརྗེ་རེས་དང་མཉམ་ལས་ཟབ་སྤེལ་གཏོང་བ། མཐོ་རིམ་སློབ་གྲྭས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དེང་རབས་སློབ་ཆེན་གྱི་ལམ་ལུགས་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ། སློབ་ཆེན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། “རྩེར་སོན་གཉིས”ཀྱི་གདེང་འཇོག་དམིགས་འབེན་མ་ལག་བཅོས་སྒྱུར་བྱེད་པ་སོགས་ཀྱི་གནད་དོན་སྐོར་ནས་འདྲི་རྩད་བྱས།
རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་དང་། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན་པ་དང་དྲི་བར་ལན་བཏབ།
ཧྲིན་དབྱི་ཆིན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་མཐོ་རིམ་སློབ་ཆེན་གྱི“རྩེར་སོན་གཉིས”འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཅན་ཐོབ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེར་སོན་ཅན་གྱི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པའི་སྟེང་བསྐྱོད་ཐུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། བཅོས་སྒྱུར་ཟབ་སྤེལ་བྱས་ནས་མཐོ་རིམ་སློབ་ཆེན་གྱི་སློབ་གཉེར་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་པ། ཐོན་ཁུངས་འགན་ལེན་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཕྱོགས་སུ་རྩེ་གཅིག་ཏུ་འབད་དེ། “རྩེར་སོན་གཉིས”ཀྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚའེ་ཏཱ་ཧྥུན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་སློབ་གསོ་དེང་རབས་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་ཡོད། ད་ཐེངས་ཀྱི་ཆེད་དོན་འདྲི་རྩད་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་ལྟ་སྐུལ་འགན་དབང་སྤྱོད་པ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་ཤིག་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་གྲོས་ཞིབ་དང་ཆེད་དོན་འདྲི་རྩད་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཁྲིམས་ལྟར་དུས་ཐོག་ཏུ་འདོན་དགོས། རྒྱལ་ཡོངས་དམངས་ཆེན་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་རྗེས་སྙེག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་ཝང་ཏུང་མེན། ཞའོ་ཅེ། ཀྲེན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཧི་ཝེ། ཐེ་ཉིང་། ཕིན་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐིས·ཀྲ་ཁི་ཨར་བཅས་དང་དྲུང་ཡིག་ཆེན་མོ་ལིའུ་ཆི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།