ལིས་ཆང་མེ་གུང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས།
2024.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ11པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཁུན་མེན་དུ་མེ་གུང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས། འདི་ནི་ལིས་ཆང་གིས་གྲོས་ཚོགས་ལ་ཞུགས་པའི་ཁམ་ཕུ་ཁྲེ་དང་། ལའོ་ཝའོ། འབར་མ། ཐའེ་གོ། ཡོ་ནན་བཅས་ཀྱི་སྲིད་གཞུང་གི་འགོ་གཙོ་དང་ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་གི་འགོ་གཙོ་དང་མཉམ་དུ་བསྐྱོན་པའི་པར་རེད།

ཟླ11པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཁུན་མེན་དུ་མེ་གུང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས། ཁམ་ཕུ་ཁྲེ་དང་། ལའོ་ཝའོ། འབར་མ། ཐའེ་གོ།  ཡོ་ནན་བཅས་ཀྱི་སྲིད་གཞུང་གི་འགོ་གཙོ་དང་ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་གི་འགོ་གཙོ་སོགས་གྲོས་ཚོགས་ལ་ཞུགས།

ལིས་ཆང་གིས་བསྟན་དོན། མེ་གུང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་རྐྱེན་སྲོལ་བཙུགས་ནས་ལོ་སུམ་ཅུ་ལྷག་འགོར་བའི་རིང་། ཀྲུང་གོ་དང་མེ་གུང་གཙང་བོའི་རྒྱལ་ཁབ་ཀྱི་མཉམ་ལས་མཉམ་གྲོས་དང་འཕེལ་རྒྱས་མཉམ་སྐུལ་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། མིག་སྔར་འཛམ་གླིང་གསར་བརྗེའི་དུས་སྐབས་གསར་པར་ཞུགས་ཡོད་ཅིང་།  ཀྲུང་གོ་དང་མེ་གུང་གཙང་བོའི་རྒྱལ་ཁབ་ནི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པས། མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་སྟེང་ལག་རྡང་མཉམ་སྦྲེལ་གྱིས་འགྱུར་མེད་མདུན་སྐྱོད་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་། འབྱོར་ཕྱུག་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་ཧུར་ཐག་བསྐྲུན་དགོས།

ལིས་ཆང་གིས་ཁུལ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་གྲོས་གཞི་བཞི་བཏོན་ཡོད་དེ། གཅིག་ནི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་ཞིང་། གཞི་རྒྱ་སྔར་ལས་ཆེ་བའི་ཕན་ཚུན་སྒོ་འབྱེད་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་རང་བཞིན་གྱི་ཁུལ་ཁོངས་དཔལ་འབྱོར་སྒྲོམ་གཞི་འཐུས་ཚང་དུ་བཏང་ནས། ནུས་ཕྱོད་ལྡན་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཚོང་ར་ཆེས་ཆེ་བ་བསྐྲུན་དགོས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མུ་མཐུད་མཉམ་བསྐྲུན་དང་། ཁུལ་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྤུས་ཚད་མཐོན་པོས་ལག་བསྟར་བྱེད་པ་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་མའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་སྤོར་ཐེངས་གསུམ་པའི་གྲོས་ཆོད་ཡི་གེ་མྱུར་དུ་མིང་འགོད་ལག་བསྟར་བྱས་ནས། ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

གཉིས་ནི། གསར་གཏོད་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ཏེ། གསར་གཏོད་སྲིད་ཇུས་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་། གསར་གཏོད་གཞི་རྒྱའི་སྤུས་མཐོའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ། གསར་གཏོད་གྲུབ་འབྲས་མྱུར་དུ་གཞན་སྒྱུར་བེད་སྤྱོད་གཏོང་བ། གསར་གཏོད་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་འདེགས་སྐྱོར་དང་འགན་སྲུང་བྱེད་དགོས། ཁུལ་ཁོངས་གློག་དྲའི་འཆར་འགོད་འཛུགས་སྐྲུན་དང་རིམ་སྤོར་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ནུས་ཁུངས་གསར་པའི་གློག་སྣོན་དང་། རླངས་འཁོར། འོད་ནུས་ཐོན་ལས་བཅས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། དག་གཙང་ནུས་ཁུངས་དང་། རིག་ནུས་བཟོ་བསྐྲུན། གཞི་གྲངས་ཆེན་མོ། རིག་པའི་གྲོང་ཁྱེར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཁུལ་ཁོངས་འཕེལ་རྒྱས་ཀྱི་སྒུག་ནུས་གསར་པ་གསོ་སྐྱོང་དང་རྒྱ་ཆེར་གཏོང་དགོས།

གསུམ་ནི་རྒྱུན་འཁོར་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། གཞུང་ལམ་དང་། ལྕགས་ལམ། མཚོ་འགག་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་གཅིག་འབྲེལ་མཉམ་ལས་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། སྲིད་ཇུས་དང་བཅའ་ཁྲིམས། ལྟ་སྐུལ་དོ་དམ། སྒྲིག་སྲོལ། ཚད་གཞི་སོགས་ཁྱབ་ཁོངས་ཀྱི་མཉམ་འགུལ་ལས་དོན་ལ་ཤུགས་སྣོན་པ། ཁོངས་བརྒལ་རྩིས་སྤྲོད་མཐོར་འདེགས་དང་། རང་དངུལ་རྩིས་རྒྱག་སྟབས་བདེ་ཅན་དུ་གཏོང་བར་འབད་པ་བྱས་ཏེ། སྔར་ལས་མང་བའི་ཁོངས་བརྒལ་མཉམ་ལས་དཔེ་སྟོན་ཁུལ་བསྐྲུན་པ་དང་། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་གོས་མེ་ཀོང་གཙང་བོའི་རྒྱལ་ཁབ་ལྔ་བོར་ཕྱོགས་ནས་ལན་མཱེ་ཆོག་འཐུས་ལག་ཁྱེར་སྟེར་རྒྱུ་ཐག་བཅད་དེ། ཆ་རྐྱེན་དང་མཐུན་པའི་ཚོང་གཉེར་མི་སྣར་ལོ་ལྔའི་རིང་ཀྲུང་གོར་ཐེངས་མང་ཡོང་བའི་ཆོག་འཐུས་ལག་ཁྱེར་སྟེར་རྒྱུ་ཡིན།

བཞི་ནི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་། མེ་ཀོང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་དེ་ལན་མེ་མཉམ་ལས་དང་། གཙང་བོ་གསུམ་འབབ་ཡུལ་གྱི་རྐྱེན་སྲོལ། མེ་ཀོང་གཙང་བོའི་ཨུ་ཡོན་ལྷན་ཁང་སོགས་རྐྱེན་སྲོལ་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། བཟོད་སྒོམ་ཡར་སྐུལ་གྱི་མཉམ་ལས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤ་ཡ་གླིང་གསར་སྤེལ་དངུལ་ཁང་། ཨེ་ཤ་ཡ་གླིང་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་སོགས་ཀྱི་ལས་ཁུངས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་བཀོད་གཏོང་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མཉམ་དུ་དངོས་འབེབས་བྱེད་དགོས།

ཚོགས་ཞུགས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་འབྲེལ་ཡོད་ལས་ཁུངས་འགན་ཁུར་མི་སྣས་ཀྲུང་གོས་མེ་ཀོང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་འཕེལ་རིམ་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་པར་བསྟོད་བསྔགས་ཆེན་པོ་བྱས་ཤིང་། མཉམ་དུ་འབད་བརྩོན་བྱས་ཏེ། ས་གནས་རྒྱལ་ཁབ་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་ཅིང་། གསར་གཏོད་འཕེལ་རྒྱས་ལ་དམིགས་ཏེ། ཉོ་ཚོང་དང་ཞིང་ལས། མཉམ་འབྲེལ་མཉམ་འགུལ། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན། ཡུལ་སྐོར། མི་ཆོས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ།  ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་མེ་ཀོང་གཙང་བོའི་ཁུལ་ཁོངས་ཕལ་བའི་རྒྱལ་ཁབ་སོ་སོས་བཟོད་སྒོམ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་ནས། ས་གནས་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

གྲོས་ཚོགས་སྟེང་མེ་གུང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པའི་བསྒྲགས་གཏམ་དང་། མེ་གུང་གཙང་བོའི་ཁུལ་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི2030ལོའི་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་སོགས་ཡིག་ཆར་གྲོས་འཆམ་བྱུང་།

ཝུའུ་ཀྲིན་ལུང་གྲོས་ཚོགས་ལ་ཞུགས།