ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་རྒྱས་འཛོམས་གྲོས་ཚོགས་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ཟབ་མོ་བྱས་པ་དང་། བདེ་ཐང་འཛུགས་སྐྲུན་དང་འབྲེལ་བའི་ནང་དོན་བཅུའི་གཙོ་གནད་ལས་འགན་བཀོད་གཏོང་དང་དེར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་པ་དང་བདེ་འཇགས་འགན་ལེན། བརྟན་འཇགས་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད། ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་གྱིས་དུས་ཚིགས་གསུམ་པའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱས་པའི་གནས་ཚུལ་བསྒྲགས།
ཁྲིན་ཀང་གིས་དུས་རིམ་གོང་མའི་བདེ་ཐང་མཚོ་སྔོན་བསྐྲུན་པའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། ཕན་འབྲས་སྲ་བརྟན་ཡོང་བར་དམིགས་རྒྱུ་དང་དཔེ་མཚོན་ཉམས་མྱོང་ཕྱོགས་བསྡོམས་དང་ཇེ་ལེགས་སུ་གཏོང་བ། གཙོ་གནད་ལས་དོན་ལ་དམིགས་ནས་བསྐྱར་ཞིབ་བྱེད་པ་དང་ཐོབ་ཤོར་ལ་དབྱེ་ཞིབ་བྱེད་པ། ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། ཡུན་ཕན་ལམ་སྲོལ་སྐོར་ཞིག་འཐུས་ཚང་དུ་གཏོང་བ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་སྐོར་ཞིག་གྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཆམ་མཐུན་དང་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། དྲ་རྒྱ་ཇེ་བརྟན་དུ་གཏོང་རྒྱུར་རྐང་ཚུགས་པར་བྱེད་པ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ཇེ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་པ། དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱེད་པ། གཞི་རིམ་གྱི་འགལ་བ་སེལ་བ་དང་རྩོད་གཞི་གྲལ་བཤེར་དང་གཙང་སེལ་བྱེད་པ། མངོན་གསལ་ཅན་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། བཅོས་སྒྲིག་ནན་མོ་བྱེད་པ། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཇེ་དམ་དུ་གཏོང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱ་བའི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཉེན་ཁ་དང་འགལ་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་དགོས།
ཁྲིན་ཀང་གིས་སྤྱོད་ཚུལ་འཛུགས་སྐྲུན་ཟབ་སྤེལ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། “ལས་བྱེད་པས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས”ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱེད་དགོས་པ་དང་། བདེ་ཐང་འཛུགས་སྐྲུན་གྱི་འགན་འཁྲིའི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་གཏོང་བ།“གནད་དོན་ཐག་གཅོད་བྱེད་པའི”འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། “ཆེད་འཛུགས་དང་ས་ཁོངས་གཅིག་གྱུར”གྱི་འགན་འཁྲིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། བདེ་ཐང་འཛུགས་སྐྲུན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱེད་དགོས། མཉམ་འགུལ་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ལོ་མཇུག་གི་དཔྱད་ཞིབ་ལས་དོན་ཡག་པོར་སྒྲུབ་སྟེ། མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་བཅངས་ནས། དུས་ཚིགས་ཀྱི་དཔྱད་ཞིབ་དང་བརྟག་ཞིབ་ལན་འདེབས། ལྟ་སྐུལ་མཛུབ་སྟོན་དང་ལྟ་ཞིབ་བཅས་བྱས་ནས། ཤེས་རྟོགས་བྱུང་བའི་གནད་དོན་ཁྱོན་ཡོངས་ནས་གྲལ་བཤེར་དང་དག་ཐེར་བྱེད་པ། ཀྲུང་དབྱང་གི་ཁ་གཏད་པུའུ་དང་ཨུ་ཡོན་ལྷན་ཁང་བར་གྱི་འབྲེལ་གཏུག་དང་འབྲེལ་མཐུད་ལ་རང་འགུལ་ངང་ཤུགས་བསྣན་ཏེ། ཀྲུང་དབྱང་གི་གཞི་རིམ་གྱི་དཔྱད་ཞིབ་ཁུ་བསྡུ་དང་ལེགས་བཅོས་བྱེད་དགོས་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་དགོས། དཔྱད་ཞིབ་བྱ་བ་དེ“རྗེས་ཤུལ”ལ་མཐོང་ཆེན་བྱེད་པ་ནས“བྱས་རྗེས”འཇོག་པར་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། བྱས་རྗེས་དངོས་དང་ཕན་འབྲས་དངོས་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས། ས་གནས་དང་སྡེ་ཁག་སོ་སོས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ། དོན་འཁྱོལ་དམ་འཛིན་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུའི་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྟེང་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས། བྱ་བ་རེ་རེ་བཞིན་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་རྒྱུ་དང་ཕན་འབྲས་རེ་རེ་བཞིན་ཐོན་ཐུབ་པར་བྱས་ཏེ། གཞི་རིམ་གྱི་བདེ་ཐང་དང་ལས་རིགས་སོ་སོའི་བདེ་ཐང་། ཞིང་ཆེན་ཡོངས་ཀྱི་བདེ་ཐང་བཅས་ལ་ཁག་ཐེག་བྱེད་དགོས། ཉེན་ཁ་དང་འགལ་རྐྱེན་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་འགོག་སེལ་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱེད་པ་དང་གནད་ལ་འཁེལ་བའི་སྒོ་ནས་གནད་དོན་ཐག་གཅོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་དང་ཡུན་རིང་བརྟན་བརླིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བར་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་བརྟན་པོར་འཁུར་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། “ལོ་གཉིས་ཀྱི་ཕན་འབྲས་མངོན་གསལ་ཅན་ཡོང་བར་བྱེད་པའི”དམིགས་འབེན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས་ཞེས་བསྟན།
ཚོགས་ཐོག་ནས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་གྲོང་ཁྱེར། རྨ་ལྷོ་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། སྡེ་ཁག་དང་ས་ཁུལ་སོ་སོས་ཡིག་ཐོག་ནས་སྙན་ཞུ་ཕུལ།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝུའུ་ལ་ཙེ་པེ་ཁི·རི་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥུན། ལུའེ་ཀང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིའུ་བཅས་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལིས་ཙའེ་ཡོན་ཚོགས་འདུར་ཞུགས། ཞིང་ཆེན་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ཚན་ཁག་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་ཁག་ཅིག་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།