རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་འགོ་འཛིན་གནང་སྟེ《ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དུས་རབས་གསར་པའི་རྒན་གསོའི་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་བྱས།
ཚོགས་འདུའི་སྟེང་བསྟན་དོན། ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་བྱ་བ་ཏན་ཏིག་ངང་སྒྲུབ་ནས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་འགན་ལེན་གཞི་ཁྱོན་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། ཕྱི་ཚོང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་བུན་བེད་སྤྱོད་ཡག་པོ་གཏོང་བ། ཡིད་རྟོན་སྤྲོད་པ་དང་། དངུལ་བུན་གཏོང་བ། དངུལ་བུན་འཇལ་བ་སོགས་ཀྱི་ཐད་ནས་ཕྱི་ཚོང་ཁེ་ལས་ལ་དངུལ་རྩའི་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། རྒྱལ་མཚམས་བརྒལ་བའི་ཉོ་ཚོང་བསྡོམས་རྩིས་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་དངུལ་བརྗེས་ཉེན་ཁའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རོགས་བཅས་བྱེད་དགོས། ཕྱི་ཚོང་གི་སྒུལ་ནུས་གསར་པ་སྟོབས་ཆེར་གཏོང་བ་དང་། རྒྱལ་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་བློ་རིག་ཟོང་འགྲེམས་སྟེགས་བུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱི་ཚོང་ཁེ་ལས་ཀྱི་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས་ལྗང་མདོག་ཚོང་དོན་དང་། མཐའ་མཚམས་མི་སེར་གྱི་ཚོང་ཟོག་ཉོ་ཚོང་། ཁྲལ་སྲུང་ཉམས་གསོ་གསར་གཏོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཚོང་གི་མཚོ་ཐོག་སྐྱེལ་འདྲེན་འགན་ལེན་ནུས་པ་ཆེ་རུ་གཏོང་བ། ཕྱི་ཚོང་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དང་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚོང་དོན་མི་སྣ་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱ་རྒྱུར་སྐུལ་མ་གཏོང་བ་དང་སྟབས་བདེ་ཡོང་བར་བྱས་ཏེ་རྒྱལ་ཁབ་སྔར་ལས་མང་པོ་དང་ཕན་ཚུན་འགྲོ་འོང་བྱེད་པར་ཐོངས་མཆན་འགོད་མི་དགོས་པའི་གྲོས་ཆོད་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།
ཚོགས་འདུ་ལས་བསྟན་དོན། ཏང་ཀྲུང་དབྱང་གི་མི་གྲངས་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒན་གསོ་ཞབས་ཞུའི་དམངས་འཚོའི་དོན་ཆེན་དེ་དམ་འཛིན་ཏན་ཏིག་བྱེད་པ། སྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད་ནས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ལོ་ལོན་གྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་ཡག་པོར་སྐོང་བ། རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་སྤྲོ་སྣང་ཡོད་པ་སྔར་ལས་མངོན་འགྱུར་ཡོང་བར་བྱེད་དགོས། ལས་ནུས་ཤོར་བའི་ལོ་ལོན་ལ་ལྟ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པའི་གཞི་རྩའི་རྒན་གསོའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདག་སྐྱོང་རྣམ་པའི་ཉལ་ཁྲི་ཇེ་མང་དུ་གཏོང་བ། རྒན་གསོའི་བདག་སྐྱོང་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱིམ་སྡོད་དང་། གཞིས་ཁུལ། ལས་ཁུངས་སོགས་ཞབས་ཞུའི་རྣམ་པ་མི་འདྲ་བར་ལྟ་སྐྱོང་བྱེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྷག་པར་དུ་ལོ་ན་མཐོ་བ་དང་ཁེར་རྐྱང་དུ་སྡོད་མཁན་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ལོ་ལོན་ལ་དམིགས་གསལ་གྱི་སྒོ་ནས་བཟའ་བཏུང་ཞབས་ཞུ་དང་། གཟུགས་པོ་འཁྲུ་རོགས། ཁྱིམ་དུ་སྡོད་རྒྱུར་འཚམ་པའི་ལོ་ལོན་སྒྱུར་བཀོད་སོགས་ཀྱི་ཞབས་འདེགས་ཞུ་དགོས། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟབ་ཞུགས་ཀྱི་བརྩོན་སེམས་སྔར་ལས་བསྐྱེད་པ། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ། ཐབས་ལམ་མང་པོར་བརྟེན་ནས་ཞབས་ཞུའི་མཁོ་སྤྲོད་ཇེ་མང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རྒན་གསོའི་འཛད་སྤྱོད་ཀྱི་སྦས་ཤུགས་འདོན་སྤེལ་བྱེད་པ། རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཚོགས་འདུ་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
ཤ་བོ་གསེར་མཚོས་བསྒྱུར།