ཟླ11པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཐུར་ཁེའི་རྒྱལ་མཛོད་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་། ཀྲུང་གོ་དང་ཐུར་ཁེའི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་ལམ་སྲོལ་གྱི་ཐུར་ཁེ་ཕྱོགས་ཀྱི་ཀྲུའུ་ཞི་ཞི་མུའུ་ཞེ་ཁི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུང་གོ་དང་ཐུར་ཁེ་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་ལམ་སྲོལ་གྱི་ཚོགས་འདུ་ཐེངས་གཉིས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས། ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཐུར་ཁེ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེ་ལ་མཉམ་ལས་ཀྱི་སྦས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབབྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས་ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་མུའུ་ཞེ་ཁི་ཡིས་བསྟན་དོན། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བཅས་བྱེད་བཞིན་ཡོད་ཡོད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་བརྒྱུད་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཤ་བོ་གསེར་མཚོས་བསྒྱུར།