རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས33པ་ཐོན་ལ་ཉེ་བའི་སྐབས་ཏེ། ཟླ11པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་མེ་འགོག་མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག་ནས་འཚོགས། ཚོགས་འདུའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་མྱུར་སྐྱོབ་བྱ་བ་དང་དཔུང་ཁག་འཛུགས་སྐྲུན་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་དང་ཐག་གཅོད་བྱས་ལ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐད་ཀྱི་ཉེན་ཁ་འགོག་སེལ་བྱེད་པ་དང་། གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་བཏང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་འདེགས་སྐྱོར་ནུས་ལྡན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།
ཚོགས་འདུ་ལས་བསྟན་དོན། ན་ནིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་འགོག་མེ་གསོད་མྱུར་སྐྱོབ་དཔུང་སྡེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་སྦྱོང་བརྡར། དཀའ་ཚེགས་ལ་མི་སྐྲག་པར་མདུན་དུ་གདོང་མཆོང་བཅས་བྱས་ཏེ་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་། མེ་གསོད་རོགས་སྐྱོབ། ཡོམ་འགོག་གནོད་སེལ་སོགས་ཀྱི་ཐད་གནད་འགག་གི་ནུས་པ་བཏོན་པ་དང་། མི་དམངས་མེ་ཟོན་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། གོམ་སྟབས་རྗེས་མའི་མེ་འགོག་མེ་གསོད་མྱུར་སྐྱོབ་བྱ་བ་ཡག་པོ་བསྒྲུབ་པར་སྔར་ལས་བློ་རྩ་བརྟན་པོ་དང་སྔར་ལས་རང་འགུལ་གྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་ཞབས་འདེགས་ཞུ་དགོས་ལ། མ་ལག་གཅིག་སྡུད་ལ་མཐོང་ཆེན་བྱེད་པ། བདེ་འཇགས་ཀྱི་འཕྲལ་བསྟུན་སྒྲོམ་གཞི་ཆེན་པོའི་འོག་གི་འཕྲལ་བསྟུན་བཀོད་འདོམས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་རྫོང་གི་མེ་འགོག་མེ་གསོད་མྱུར་སྐྱོབ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རོགས་སྐྱོབ་ཀྱི་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་ནུས་མཐོ་ལ་འགན་ལེན་བྱ་དགོས། གནད་འགག་ཁོང་དུ་ཆུད་པར་དོ་སྣང་བྱས་ཏེ། གནོད་འཚེ་ཡོངས་དང་འཚམ་ཞིང་འཕྲལ་བསྟུན་ཆེན་པོ་དང་འཚམ་པའི་མེ་འགོག་མེ་གསོད་མྱུར་སྐྱོབ་མ་ལག་གང་མགྱོགས་ངང་འཛུགས་པ་དང་། ཉེན་ཁ་ཆེ་རིགས་མྱུར་སེལ་དང་གནོད་འཚེ་ཆེན་པོ་སྔོན་འགོག་བྱེད་པར་གཞི་ཚུགས་ནས། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། འགག་སྒོ་སྔ་སྣུར་བྱེད་པར་དོ་སྣང་དང་། མེ་ཟོན་ཐད་ཀྱི་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་རང་འགུལ་གྱིས་འགོག་སེལ་བྱས་ཏེ། འཆར་འགོད་ཇུས་འགོད་དང་། སྲིད་འཛིན་ཞིབ་བཤེར་ཆོག་མཆན། ལས་རིགས་ལྟ་སྐུལ་དོ་དམ་བཅས་ཀྱི་འགག་སྒོ་གལ་ཆེན་དམ་འཛིན་ནན་མོ་བྱེད་པ་དང་། རིམ་པ་བཞིན་དུ་ཉེན་མེད་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་དགོས། བཅོས་སྒྱུར་གྱི་ཕན་འབྲས་ལ་མཐོང་ཆེན་བྱེད་པ་དང་། གཞི་རིམ་གྱི་འཕྲལ་བསྟུན་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་འཕྲལ་བསྟུན་ཞན་ཆ་དང་མི་འདང་སར་དམ་པོར་དམིགས་པ། གྲོང་རྡལ་གྱི་མེ་ཟོན་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་ཤུགས་ཆེན་བྱེད་པ། གཞི་གྲངས་ཆེན་པོའི་གནོད་འཚེ་འགོག་སེལ་གྱི་བྱེད་ཐབས་གཏིང་ཟབ་ཏུ་སྤྱོད་པ་བཅས་བྱ་དགོས། དོ་དམ་ནན་མོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་མེ་འགོག་མེ་གསོད་མྱུར་སྐྱོབ་དམག་མི་གསོ་སྐྱོང་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ལམ་གཟབ་ནན་དུ་གཏོང་བ། སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་དམ་འཛིན་ནན་མོ་བྱས་ཏེ་མེ་འགོག་མེ་གསོད་མྱུར་སྐྱོབ་དཔུང་སྡེ་རྩེ་གྲ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས།
ཚོགས་འདུའི་སྟེང་མེ་འགོག་མེ་གསོད་མྱུར་སྐྱོབ་ཀྱི་ནུས་པ་ཧུར་ཐག་གིས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་སྔར་ལས་བཟང་པོ་དང་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་སྐྲུན་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་། གནས་ཡུལ་གལ་ཆེན། ཉམས་ཞན་ས་ཁོངས་བཅས་ལ་དམིགས་ནས་གནད་སྨིན་ཤུགས་འདོན་དང་བཅོས་སྒྲིག་ནན་མོ་བྱེད་དགོས། ཞབས་ཞུ་འགན་སྲུང་བྱེད་ཤུགས་ཧུར་ཐག་གིས་ཆེ་རུ་གཏོང་བ་དང་། མེ་འགོག་མེ་གསོད་མྱུར་སྐྱོབ་དཔུང་སྡེའི་ལས་རིགས་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དངོས་ཡོད་དཀའ་གནད་ཐག་གཅོད་ཡག་པོ་བཅས་བྱས་ནས་མེ་འགོག་མེ་གསོད་མྱུར་སྐྱོབ་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང2023ལོའི་ཞིང་ཆེན་ཏང་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་བསྒྲགས་པ་དང་། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་གནས་བབ་དབྱེ་ཞིབ་སྙན་ཞུ་དང་། མེ་འགོག་མེ་གསོད་མྱུར་སྐྱོབ་དཔུང་སྡེའི་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། 2024ལོའི་ཞིང་ཆེན་ཏང་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུ་ལས་ཐག་གཅོད་བྱ་རྩིས་ཡོད་པའི་གནད་དོན་ལ་ཞིབ་འཇུག་བྱས།
ཚོགས་འདུའི་སྔོན་དུ་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་མེ་འགོག་མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག་དང་མཁར་ནུབ་ཁུལ་མེ་འགོག་མེ་གསོད་མྱུར་སྐྱོབ་རུ་ཆེན་དུ་བསྐྱོད་ནས་གཞི་རིམ་འཐབ་ཕྱོགས་དང་པོའི་མེ་འགོག་མེ་གསོད་བཀོད་འཐབ་པར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་འགོག་མེ་གསོད་མྱུར་སྐྱོབ་དཔུང་སྡེར་འཚམས་འདྲི་དང་བཀའ་དྲིན་ཞུས་པར་མ་ཟད། ལས་སྒྲུབ་ཞིབ་དཔྱད་ཁང་དང་སྦྱོང་བརྡར་བྱ་ཡུལ་དུ་སོང་ནས་གཞི་རིམ་གྱི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་བྱ་བར་ཞིབ་ཏུ་གསན་པ་དང་། མེ་འགོག་མེ་གསོད་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར། རོགས་སྐྱོབ་སྦྱོང་བརྡར་རྣམ་གྲངས་སྤེལ་བ། མེ་འགོག་མེ་གསོད་མྱུར་སྐྱོབ་མི་སྣའི་རྒྱུན་ལྡན་གྱི་འཚོ་བའི་འགན་ལེན། མེ་འགོག་མེ་གསོད་མྱུར་སྐྱོབ་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།