ཝུའུ་ཞའོ་ཅུན་གྱིས་ཀྲུང་ཁི་ཧྲུའུ་ཀོང་ཀུང་སིའི་སྤྱི་འཛིན་ལིས་ཅུན་ལ་ཐུག་འཕྲད་བྱས།
2024.11.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ11པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་ཁི་ཧྲུའུ་ཀོང་ཀུང་སིའི་སྤྱི་འཛིན་ལིས་ཅུན་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལིས་ཅུན་སོགས་ལ་དགའ་བསུ་ཞུས་པ་དང་། ཀྲུང་ཁི་ཧྲུའུ་ཀོང་ཀུང་སིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་།  ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་ཁི་ཧྲུའུ་ཀོང་ཀུང་སི་ནི་རང་རྒྱལ་གྱི་ཆ་འཕྲིན་ལག་རྩལ་དང་སྔོན་ཐོན་གྱི་རྩིས་རྒྱག་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་ཞིང་། ཕྱོགས་གཉིས་ཀྱིས་མིག་སྔའི་མཉམ་ལས་ཀྱི་རྨང་གཞིའི་སྟེང་། སྔོན་ཐོན་གྱི་རྩིས་རྒྱག་དང་། འོས་འཚམ་གྱི་བཀོད་སྒྲིག་ལྟེ་གནས། ཐོན་ལས་བཀོད་སྒྲིག འཇོན་མི་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་འདུས་གྲུབ་རྣམ་པའི་ཕྲེང་འབྲེལ་གྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། སྲིད་གཞུང་དང་ཁེ་ལས་བར་གྱི་མཉམ་ལས་ཀྱི་དཔེ་དབྱིབས་གསར་པ་གཏོད་པའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་སྔར་བཞིན་ཀྲུང་ཁི་ཧྲུའུ་ཀོང་ཀུང་སི་དེ་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན། 

ལིས་ཅུན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད། ཁེ་ལས་འཕེལ་རྒྱས་དང་མ་འོངས་པའི་འཆར་འགོད་ངོ་སྤྲོད་བྱས།  ཁོས་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་གི་མཐུན་སྦྱོར་འཕེལ་རྒྱས་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ། དངུལ་གཏོང་དང་ལས་གཞི། འཇོན་མི་བཅས་སྔར་ལས་མང་པོ་མཚོ་སྔོན་དུ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བཅས་བྱས་ནས།  མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གཉིས་ཕན་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན་ཞེས་བསྟན། 

འབྲུག་མོས་བསྒྱུར།