ལིས་ཞི་ཡིས་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་གནང་།
2024.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་གྱིས་གདན་དྲངས་པ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཟླ11པའི་ཚེས5ཉིན་ནས་ཚེས7ཉིན་བར་དུ། ཀྲུང་གུང་འཐུབ་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་གནང་། ཁའེ་ཕུའུ་ཏུན་དུ་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་། ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ལཱ་མ་ཧྥུའུ་སཱར་མཇལ་འཕྲད་གནང་། པིས་ལི་ཐོ་ལིས་ཡ་རུ་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན། ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་གྱི་རྒྱལ་ཡོངས་ལས་འཛིན་ཨུ་ཡོན་ཏིས་ཏིས་ཀྲ་དང་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་མུའུ་པ་ལུའུ་ལཱར་གྲོས་མོལ་གནང་།

ལིས་ཞི་ཡིས་ལཱ་མ་ཧྥུའུ་སར་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལཱ་མ་ཧྥུའུ་ས་ཡི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ“རྫོགས་ལྡན་དུས་རབས”སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཉམ་ལས་གླེང་སྟེགས་ལས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས།

ལཱ་མ་ཧྥུའུ་ས་ཡིས་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བར་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ལྡན། ཅང་མ་འགོར་བའི་སྔོན་ལ།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ངེད་གཉིས་ཀྱིས ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་གཏན་འཁེལ་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་དང་ཚད་གཞི་སྔར་ལས་ཇེ་མཐོར་འགྲོ་ངེས་ཡིན་ཞེས་བསྟན།

ལིས་ཞི་ཡིས་ཏིས་ཏིས་ཀྲ་དང་མཇལ་འཕྲད་གནང་སྐབས།  རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ26འཁོར་བའི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ། ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ཇེ་དམ་དུ་བཏང་ནས། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁོར་ཡུག་བཟང་པོ་བསྐྲུན་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཏིས་ཏིས་ཀྲ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་མི་རིགས་རང་བཙན་རང་བདག་བརྩོན་ལེན་བྱེད་པའི་དུས་སྐབས་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་དུས་བཅད་བརྗེ་རེས་ལམ་སྲོལ་གང་ལེགས་སྤྱད་དེ། ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ལིས་ཞི་ཡིས་མུའུ་པཱ་ལུའུ་ལར་གྲོས་མོལ་གནང་སྐབས། ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་ནི་གཟི་བརྗིད་ཆེ་ཞིང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཨ་ཧྥེ་རི་ཁའི་ཏང་ཆེན་པོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་གྱི་འབྲེལ་བ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བའི་རྨང་རྡོ་གལ་ཆེན་ཞིག་ཡིན། གནས་བབ་གསར་པའི་འོག་ཏུ། ཀྲུང་གོ་གུང་ཁྲན་ཏང་གིས་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་བར་ཆབ་སྲིད་ཀྱི་ངོས་ནས་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་རྒྱུ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ། སྲིད་འཛིན་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གཉིས་བར་གྱི་ཐབས་ལམ་བརྒྱུད་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

མུའུ་པཱ་ལུའུ་ལ་ཡིས་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་བར་དུ། ཡུན་རིང་གི་འགྲོ་འོང་ཁྲོད་མཛའ་བརྩེ་ཟབ་མོ་ཆགས་ཡོད། ལོ་བརྒྱའི་ཏང་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་བཅོས་སྒྱུར་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པ་དང་།  ཐོག་མཐའ་བར་གསུམ་དུ་ཀྲུང་གོ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་པར་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཐད་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ཕྱི་ནང་གི་འགྲན་སློང་ལ་ཁ་གཏད་སྔར་ལས་གང་ལེགསཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་དུ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།