ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་གྲོས་མོལ་གནང་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། མཐོ་རིམ་བར་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་ཕན་ཚུན་འབྲེལ་མཐུད་དང་། གཞི་གྲངས་དཔལ་འབྱོར། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་དུ་ཡག་པོར་བསྐྱོད་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་གསུངས།
ཕུའུ་ལཱ་པོ་ཝོ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ནས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བརྩིས་ཏེ་ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་བར་འགྲོ་འོང་དམ་ཟབ་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེ་རུ་གཏོང་བ། ཕྱོགས་མང་ལས་དོན་ཐད་འབྲེལ་གཏུག་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད་ཟེར།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།