རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས9ཉིན་གྱི་སྔ་དྲོར་པེ་ཅིང་དུ་སོ་སོར་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་གཉིས་ལ་མཇལ་འཕྲད་གནང་།
ཕུའུ་ལ་པོ་ཝོ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་མཐོ་གནས་སུ་བསྐྱོད་པ་དང་། མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོས་མཉམ་དུ་འཕེལ་རྒྱས་དོན་གཉེར་དང་། མཉམ་འབྲེལ་རང་སྟོབས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་མིག་དཔེ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུ་གཙོ་རྐང་དུ་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧིན་རྡུ་ཉི་ཞི་ཡའི་ཁྲིམས་འཛུགས་སྒྲིག་གཞི་དང་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དང་ཨེ་ཤ་ཡའི་གྲོས་ཚོགས་ཚོགས་ཆེན་སོགས་ཕྱོགས་མང་ལམ་སྲོལ་འོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།
ཕུའུ་ལ་པོ་ཝོ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞི་དང་བཅས་པའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཉིན་དེའི་སྔ་དྲོར། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
མཱ་ཐ་ལེ་ལཱ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཐ་ལེ་ལཱ་ཡི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་བསུས་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་དྲང་ནུས་སྔར་ལས་མང་པོ་འདོན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་དབྱི་ཐ་ལིའི་གྲོས་ཚོགས་དང་དུས་བཀག་བརྗེ་རེས་ལམ་སྲོལ་སོགས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་ཐད་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།
མཱ་ཐ་ལེ་ལཱ་ཡིས་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་དབྱི་ཀྲུང་གི་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་ཏུ་ཕྱིན་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་སྒོ་འབྱེད་མཉམ་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། དབྱི་ཐ་ལི་དང་ཀྲུང་གོའི་བར་དང་ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཧའོ་མེན་ཅིན་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།