སློབ་གསོ་པུའུ་ཡིས་སློབ་སྔོན་བྱིས་པ་བུ་བཅོལ་ཁང་དུ་ཞུགས་སྐབས་རྣམ་པ་གང་རུང་གི་རྒྱུགས་ལེན་ནམ་ཡང་ན་ཚད་ལེན་ཚོད་ལྟ་བྱས་མི་ཆོག་པ་ཁྱབ་བསྒྲགས་བྱས།
2024.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ11པའི་ཚེས11ཉིན།    སློབ་གསོ་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས》གསལ་འགྲེལ་བྱས་པ་མ་ཟད་སློབ་གསོའི་ཁོངས་གཏོགས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས།    ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ལ་སྤྱིའི་རྩ་འཛིན་དང་།    སློབ་ཞུགས་སྔོན་གྱི་བྱིས་པ།    བུ་བཅོལ་ཁང་།    དགེ་བཟོ་པ།    གསོ་སྐྱོང་སློབ་གསོ།    མ་དངུལ་འགན་སྲུང་།    ལྟ་སྐུལ་དོ་དམ།    ཁྲིམས་ལུགས་ཀྱི་འགན་འཁྲི།    ཞར་བྱུང་དོན་ཚན་བཅས་ལེའུ9དང་དོན་ཚན85ཡོད།

སློབ་གསོ་པུའུ་སྲིད་ཇུས་ཁྲིམས་སྲོལ་སི་ཡི་སི་ཀྲང་ཀྲང་ཝུན་པེན་གྱིས་བཤད་རྒྱུར། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ནང་བྱིས་པའི་ལྟེ་གནས་འབུར་དུ་ཐོན་པར་བྱས་ཏེ། སློབ་ཞུགས་སྔོན་གྱི་བྱིས་པར་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ཡོང་བ།    བརྩི་འཇོག་དང་ལྟ་རྟོག་སྲུང་སྐྱོབ་བྱེད་པ།    ཁྲིམས་ལྟར་སློབ་ཞུགས་སྔོན་གྱི་སློབ་གསོ་འདྲ་མཉམ་ངང་དང་ལེན་བྱེད་པ་སོགས་ཀྱི་དབང་ཆ་ཡོད་པ་གཏན་འབེབས་བྱས་པ་མ་ཟད།    སློབ་ཞུགས་སྔོན་གྱི་བྱིས་པའི་མི་གཤིས་དང་ལ་རྒྱར་བརྩི་འཇོག་བྱེད་པ་དང་།    སློབ་ཞུགས་སྔོན་གྱི་བྱིས་པའི་བསམ་འཆར་ལ་ཉན་ནས་རྒྱུས་ལོན་བྱས་ཏེ། སློབ་ཞུགས་སྔོན་གྱི་བྱིས་པ་ཁྱིམ་ཚང་དང་སྤྱི་ཚོགས།    རིག་གནས་འཚོ་བ་བཅས་ཀྱི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།  སློབ་གསོའི་ཁེ་དབང་འགན་སྲུང་བྱས་ནས་ས་གནས་མི་དམངས་སྲིད་གཞུང་གི་རིམ་པ་སོ་སོས་བྱེད་ཐབས་སྤྱད་དེ། སློབ་ལོ་རན་པའི་བྱིས་པས་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་གི་བྱ་བ་སྒྲུབ་སའམ་སྡོད་ཁུལ་གྱི་ཐག་ཉེ་ས་ནས་སློབ་སྔོན་སློབ་གསོ་དང་ལེན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་།  སློབ་ཞུགས་སྔོན་གྱི་བྱིས་པ་བུ་བཅོལ་ཁང་ལ་ཞུགས་སྐབས་རྣམ་པ་གང་རུང་གི་རྒྱུགས་ལེན་ནམ་ཡང་ན་ཚད་ལེན་ཚོད་ལྟ་བྱས་མི་ཆོག ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གིས་བུ་བཅོལ་ཁང་གི་འཚོ་བ་དང་འཚམ་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་བུ་བཅོལ་ཁང་དུ་བསྡུ་དགོས།     གསོ་སྐྱོང་དང་སློབ་གསོའི་བྱ་འགུལ་ཚད་ལྡན་དུ་གཏོང་བ་དང་།    གསོ་སྐྱོང་དང་སློབ་གསོ་ཟུང་དུ་འབྲེལ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།    ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྐྱོང་དང་སློབ་གསོའི་བྱ་འགུལ་ལག་བསྟར་བྱས་ཏེ།    སློབ་ཆུང་དུས་རིམ་གྱི་སློབ་ཚན་གྱི་ནང་དོན་སློབ་ཁྲིད་བྱས་མི་ཆོག་པ་ནན་གྱིས་བསྟན་ཡོད་ལ།     ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་ཉིན་གཅིག་གི་འཚོ་བའི་ལམ་ལུགས་འཛུགས་པ་དང་།    འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་གི་དོ་དམ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས་ཟེར།

ཤ་བོ་རིན་མཚོས་བསྒྱུར།