ཟླ11པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཛམ་གླིང་ལྷོ་ཕྱོགས” ཀྱི་སྨྱན་བྱད་རིག་མཛོད་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་ཧ་ཅང་ཆེ་རུ་ཕྱིན་ནས། མིའི་རིགས་ཀྱི་ཡར་ཐོན་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་ཤིག་ཡིན་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པས། རྒྱ་ཆེའི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཕྲག་ཏུ་འཁུར་བའི་བླ་ན་མེད་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་ལ། འཛམ་གླིང་ལྷོ་ཕྱོགས་སྨྱན་བྱད་རིག་མཛོད་ལ་འཕྲད་པའི་ཐུན་མོང་གི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་དཔྱད་བསྡུར་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་ནས། ལྷོ་ཕྱོགས་ཀྱི་བསམ་བློ་དང་ལྷོ་ཕྱོགས་ཀྱི་འགན་འཁྲི་མངོན་པར་བྱས་ཏེ། འཛམ་གླིང་ལྷོ་ཕྱོགས་དེ་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་བརྟན་བརླིང་གི་སྟོབས་ཤུགས་དང་། སྒོ་འབྱེད་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས། འཛམ་གླིང་བཅོས་སྐྱོང་གི་འཛུགས་སྐྲུན་སྟོབས་ཤུགས། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་སྟོབས་ཤུགས་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་འདོན་རྒྱུའི་རེ་བ་ཡོད།
“འཛམ་གླིང་ལྷོ་ཕྱོགས”ཀྱི་སྨྱན་བྱད་རིག་མཛོད་མཐོ་རིམ་གླེང་སྟེགས་ཉིན་དེར་པ་ཞིའི་ཧྲིན་པའོ་ལའོ་རུ་འཚོགས། གླེང་སྟེགས་དེ་ཞིན་ཧྭ་གསར་འགྱུར་ཁང་དང་པ་ཞིའི་འཕྲིན་གཏོང་ཀུང་སིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། བརྗོད་དོན་གཙོ་བོ་ནི་འཛམ་གླིང་ལྷོ་ཕྱོགས་ཀྱི་དགོངས་པ་གཙོ་བོར་དམིགས་ནས་འཕེལ་རྒྱས་དང་དར་སྤེལ་གྱི་སྐྱོད་ལམ་གསར་པ་བསྐྲུན་དགོས་ཞེས་པ་དེ་རེད། ཉིན་དེར། པ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཀྱང་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
ཤ་བོ་རིན་མཚོས་བསྒྱུར།