ཟླ11ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་སིང་ག་ཕོར་ནས་སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏ་མན་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཧྲང་ཏ་མན་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་། ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་སིང་ག་ཕོར་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཅིག་མཐུན་ཡིན་པ་དང་ཁེ་ཕན་མཉམ་འདྲེས་ཡིན་ལ། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ན་ནིང་རྒྱལ་ཁབ་གཉིས་ཀྱིས་དུས་རྣམ་ཀུན་གྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་བཙུགས་པ་ནས་ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བ་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་གོང་དུ་སྤེལ་ནས་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།
ཏེན་ཞུའེ་ཞང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཟང་ཟིང་དུ་འགྱུར་བ་དང་བསྟུན་ནས་མདུན་དུ་ལྷགས་པའི་འགྲན་སློང་ལ་རྫོགས་མཐའ་མེད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་བར་དུ་གོ་ལ་ཧྲིལ་པོ་དང་ས་ཁུལ་རང་བཞིན་གྱི་འཐབ་ཇུས་གལ་ཆེན་གྱི་གནད་དོན་ཐད་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་ལམ་སྲོལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གོ་གནས་གཙོ་བོར་རྒྱབ་སྐྱོར་བྱས་ཏེ། སིང་ག་ཕོར་དང་བཅས་པའི་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ས་ཁུལ་གྱི་འཕེལ་རྒྱས་མཉམ་ལས་ཀྱི་གཙོ་རྒྱུན་ལ་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བར་སྔོན་འགོག་བྱས་ཏེ། ས་ཁུལ་གྱི་ཐོབ་དཀའ་བའི་ཞི་བདེ་དང་བདེ་འཇགས་ཀྱི་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།
ཧྲང་ཏ་མན་གྱིས་ཏེན་ཞུའེ་ཞང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞུས། ཧྲང་ཏ་མན་གྱིས་སིང་ག་ཕོར་དང་ཀྲུང་གོའི་བར་མཛའ་མཐུན་གྱི་ལོ་རྒྱུས་རིང་པོ་ལྡན་ཞིང་། སང་ལོ་ནི་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ནི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཀྲུང་གོས་གནས་བབ་སྔར་ལས་གལ་ཆེན་བཟུང་བར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་བརྗེ་རེས་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་སྔར་ལས་ལྷག་པའི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་འདོད་ཡོད་ཅེས་བསྟན།།
འབྲུག་མོས་བསྒྱུར།