ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་གཞིར་མཛུབ་སྟོན་གལ་ཆེན་གནང་། 
2024.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ11པའི་ཚེས11ཉིན་གྱི་དགོང་མོར། ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ཞང་ཀྲོའུ་ཆུའུ་ལུས་རྩལ་ལྟེ་གནས་སུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་གཞི་བྱུང་ནས། མིག་སྔའི་བར་མི35རྐྱེན་ལམ་དུ་ཤོར་བ་དང་མི43ལ་རྨས་ལྕི་མོ་ཕོག་ཡོད།    

གྱོད་གཞི་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ཞང་ཀྲོའུ་ཆུའུ་ལུས་རྩལ་ལྟེ་གནས་སུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་གཞི་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དེ་ནི་བྱ་སྤྱོད་ཧ་ཅང་སྡུག་ཆགས་ཤིག་རེད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ་དང་ཤི་རྨས་བྱུང་བའི་མི་སྣ་དང་ཁོ་ཚོའི་ཁྱིམ་མིར་སེམས་གསོ་བྱེད་པ། འདས་དོན་དང་རྗེས་མཐུད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། ཉེས་ཅན་ལ་ཁྲིམས་ལྟར་ཉེས་ཆད་དྲག་པོ་གཅོད་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་བསླབ་བྱ་བསྡུ་ལེན་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་ཉེན་ཁའི་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་པ། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་སེལ་བ། ཐལ་དྲག་པའི་གྱོད་གཞི་འབྱུང་བར་སྔོན་འགོག་ནན་མོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བསྟན་དོན། རྨས་མ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་པ་དང་འདས་དོན་དང་རྗེས་མཐུད་ཀྱི་བྱ་བ་ཡག་པོར་བསྒྲུབ་པ། གྱོད་གཞིའི་གནས་ཚུལ་གང་མགྱོགས་ངང་གསལ་རྟོགས་བྱེད་པར་མ་ཟད་ཉེས་ཅན་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ཟུང་འབྲེལ་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་དང་། སྤྱི་ཚོགས་ཀྱི་འགལ་བ་གྲལ་བཤེར་བྱས་ཏེ་སེལ་བའི་བྱ་བ་ཏན་ཏིག་གིས་སྒྲུབ་སྟེ་སྤྱི་ཚོགས་སྤྱི་ཡོངས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས།    

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ནས་ཀྲུང་དབྱང་གིས་ལས་དོན་ཚན་ཆུང་ས་གནས་དེ་གར་ལས་དོན་ལ་མཛུབ་ཁྲིད་དང་བཀོད་སྒྲིག་བྱེད་པར་མངགས་པ་དང་། ཀོང་ཏུང་ཞིང་ཆེན་དང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རྨས་མ་སྐྱོབ་བཅོས་དང་། གྱོད་གཞི་མྱུལ་ཞིབ། སྤྱི་ཚོགས་སྟེང་གི་སྔོན་འགོག་ཚོད་འཛིན་བྱེད་པ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད། མིག་སྔར་ལས་དོན་སོ་སོ་སྒྲུབ་བཞིན་པའི་སྒང་རེད།

ཤ་བོ་གསེར་མཚོས་བསྒྱུར།